Showing posts with label དཔྱད་རྩོམ།. Show all posts
Showing posts with label དཔྱད་རྩོམ།. Show all posts

Thursday, November 17, 2022

སྐུ་དྲིན་ཆེ་དང་། བཀའ་དྲིན་ཆེ་དང་། ཐུགས་རྗེ་ཆེ་གསུམ་པོའི་ཁྱད་པར།

༄༅། །སྐུ་དྲིན་ཆེ་དང་། བཀའ་དྲིན་ཆེ་དང་། ཐུགས་རྗེ་ཆེ་གསུམ་པོ་ནི། རིམ་པ་བཞིན། སྐུ་ཡི་དྲིན་དང་། གསུང་གི་དྲིན་དང་། ཐུགས་ཀྱི་དྲིན་གསུམ་པོ་ལ་སྦྱོར་དགོས་པ་ཡིན་ཏེ། དེ་ཡང་། དྲིན་གསུམ་པོ་འདི་དག་གི་ཐོག་ནས་ཕ་རོལ་པོས་རང་ཉིད་ལ་ཕན་བཏགས་པའི་ལན་དུ། སྐུ་ཡི་སྒོ་ནས་དྲིན་ཆེ་བ་ལ་སྐུ་དྲིན་ཆེ་དང་། གསུང་གི་སྒོ་ནས་དྲིན་ཆེ་བ་ལ་བཀའ་དྲིན་ཆེ་དང་། ཐུགས་ཀྱི་སྒོ་ནས་དྲིན་ཆེ་བ་ལ་ཐུགས་རྗེ་ཆེ་ཞེས་དགའ་ཚོར་དང་བཅས་པས་ཞུ་དགོས་ལ། ལར་ལུས་ངག་གི་བྱ་བ་མཐའ་དག་སེམས་ཀྱི་རྗེས་སུ་འགྲོ་ཞིང་། སེམས་ཀྱིས་ཀུན་ནས་བསླངས་ཏེ་འབྱུང་བ་ཡིན་པས། སྒོ་གསུམ་གང་གི་སྒོ་ནས་ཕན་བཏགས་ཀྱང་དེའི་ལན་དུ་ཐུགས་རྗེ་ཆེ་ཞེས་རྗོད་ཆོག་ཀྱང་། སྐུ་དྲིན་ཆེ་དང་། བཀའ་དྲིན་ཆེ་ཞེས་པ་ནི་སྐབས་འབྲེལ་དང་བསྟུན་དགོས་པ་ཡིན་ཏེ། སྐུ་ཡི་ངལ་རྩོལ་ཤས་ཆེ་སར་སྐུ་དྲིན་ཆེ་དང་། གསུང་གི་ངལ་རྩོལ་ཤས་ཆེ་སར་བཀའ་དྲིན་ཆེ་ཞེས་བརྗོད་པར་བྱའོ། །

    དཔེར་ན། དྲིན་ཅན་གྱི་ཕ་མ་ནི། ལུས་རྟེན་འདིའི་བདག་རྐྱེན་དང་། སྙོར་སྐྱོང་མཛད་མཁན་ཡིན་པས། སྐུ་ཡི་དྲིན་ཤས་ཆེ་བའི་ཆ་ནས་སྐུ་དྲིན་ཆེ་བ་དང་། བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ནི། སྐལ་ལྡན་གྱི་སློབ་མ་ལ་དབང་བསྐུར་པ་དང་། རྒྱུད་བཤད་པ་དང་། མན་ངག་བསྟན་པའི་སྒོ་ནས་གསུང་གི་དྲིན་ཤས་ཆེ་བས། བཀའ་དྲིན་ཆེ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་ཚད་མེད་བཞིའི་སྒོ་ནས་རིས་མེད་ཕྱོགས་བྲལ་གྱི་མཛད་པ་སྐྱོང་བས། སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་དྲིན་ཤས་ཆེ་བའི་ཆ་ནས་ཐུགས་རྗེ་ཆེ་བའོ། །མདོར་ན། གང་ཞིག་ཤས་ཆེ་བ་དེ་ཉིད་བྱེ་བྲག་ཏུ་རྩལ་འདོན་བྱས་ན་འདི་ལྟར་ཡིན་གྱི། སྤྱིར་བཏང་ནི་ཕན་འདོགས་པའི་བྱ་བ་ཐམས་ཅད་ཐུགས་རྗེའི་ཀློང་ལས་མ་འདས་པ་ཡིན་པས། ཀུན་ཁྱབ་ཏུ་ཐུགས་རྗེ་ཆེ་ཞེས་བརྗོད་པར་བྱའོ། །

    ད་དུང་དཔེ་གོ་བདེ་བ་ཞིག་བྱས་ན། ཁྱེད་ཀྱིས་ཅ་ལག་དེ་དག་དུས་ཐོག་ཏུ་བསྐྱལ་པ་ལ་སྐུ་དྲིན་ཆེ། ཁྱེད་ཀྱིས་གནད་དོན་འདིའི་ཐད་ལམ་སྟོན་གནང་བ་ལ་བཀའ་དྲིན་ཆེ། ཁྱེད་ཀྱིས་ངའི་གནས་སྟངས་ཐོག་བསམ་ཤེས་གནང་བ་ལ་ཐུགས་རྗེ་ཆེ། ཞེས་པ་ལྟ་བུའོ། །འདིའི་སྐོར་ལ་དེ་སྔོན་བོད་ཀྱི་ཚིག་མཛོད་གང་དུའང་ཞིབ་འགྲེལ་བྱས་པ་ནི་མ་མཐོང་ངོ་། །སྤྱི་ལོ་ཟླ་ཚེས་ ༢༠༢༢/༡༡/༡༧ ཉིན།

Thursday, November 27, 2014

ཨི་ཏི་ཨ་ཏིར་བཅོས་པའི་ནོར་འཁྲུལ།

༄༅། །རྙིང་རྒྱུད་བཀའ་འགྱུར་ནང་དུ་མ་བཞག་པའི་རྒྱུ་མཚན། ཞེས་པའི་དཔྱད་རྩོམ་ཕྱི་ལོ་ཟླ་ཚེས་ ༢༠༡༤-༡༡-༢༧ ལ། དོལ་པོ་སྤྲུལ་སྐུ་ཤེས་རབ་བཟང་པོས་སྤེལ་པ་དེའི་ནང་། “ཨ་ཏི། སྔགས་ནང་པའི་འགྱུར་བྱང་གཞན་ན་བཞུགས། ཞེས་འཁོད་ཡོད། ཚིག་ཐུང་ངུ་འདིར་བསམ་གཞིག་མང་པོ་མི་དགོས་པར་ཧ་གོ་ཆོག་ཆོག་ཡོད་པ་ནི་ཚིག་འབྲུ་གསུམ་ཡོད། ༡ ཨ་ཏི་སྔགས་ནང་པ། ༢ འགྱུར་བྱང་། ༣ གཞན་དུ་ཡོད་ཅེས་པ་འདི་གསུམ་ཡིན།” ཞེས་དང་། “དང་པོ་ཨ་ཏི་སྔགས་ནང་པ་ཞེས་པས་སྔ་འགྱུར་ཟབ་མོའི་རྒྱུད་སྡེ་རྣམས་ངོས་བཟུང་བ་དང་།” ཞེས་དཀར་ཆག་འཕང་ཐང་མའི་ལུང་འདྲེན་དང་འགྲེལ་བརྗོད་བཀོད་པ་ལ། ནོར་འཁྲུལ་འདི་ཡོད་དེ། དཀར་ཆག་གི་མཇུག་ཏུ་གསལ་བའི་ཚིག་དེ། ཨི་ཏི། སྔགས་ནང་པའི་འགྱུར་བྱང་གཞན་ན་བཞུགས།། །།ཞེས་འཁོད་ཡོད་པ་ལས། ཨ་ཏི། སྔགས་ནང་པའི་འགྱུར་བྱང་གཞན་ན་བཞུགས། ཞེས་འཁོད་མེད་ཀྱང་། ལུང་ཚིག་དང་། ལུང་འགྲེལ་གཉིས་ཀའི་ནང་། (इति) ཨི་ཏི་ནས་ (अति) ཨ་ཏིར་བཅོས་པ་འདི་ནོར་བ་ཚབས་ཆེན་དུ་གྱུར་ཡོད། ལར་མང་པོ་ཞིག་གིས། དཀར་ཆག་འཕང་ཐང་མའི་ནང་། “ཨི་ཏི། སྔགས་ནང་པའི་འགྱུར་བྱང་གཞན་ན་བཞུགས།། །།” ཞེས་པའི་ཚིག་དུམ་འདིའི་འགྲེལ་བརྗོད་བྱེད་སྐབས། ནང་རྒྱུད་བླ་མེད་ཀྱི་གཞུང་ལུགས་སྤྱི་དང་། ཁྱད་པར་ཤིན་ཏུ་རྣལ་འབྱོར་གྱི་རྒྱུད་སྡེ་སྟེ། ཨ་ཏི་ཡོ་གའམ། རྫོགས་པ་ཆེན་པོའི་ཆོས་སྐོར་ཡང་དག་ཡིན་པའི་སྒྲུབ་བྱེད་དུ་ཚིག་འདི་ཆེད་བཅོས་ཀྱིས་འདྲེན་གྱིན་ཡོད་པའང་། རྒྱ་གར་སྐད་ཀྱི་ (इति) ཨི་ཏི་ཞེས་པའི་ཚིག་གི་གོ་དོན་ལ་རྣམ་པར་རྨོངས་པའི་མཇུག་འབྲས་སུ་ངེས་སོ།། །།

Saturday, February 1, 2014

རྟགས་འགྲེལ་ནོར་བུའི་མེ་ལོང་ལས། ཞར་བྱུང་དུ་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པའི་སྐབས་དོན་ལ་དཔྱད་པ།

༄༅། །རྟགས་འཇུག་རྩ་བ་ལས། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་པར་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །ཞེས་པའི་བསྟན་དོན་སྐོར་ཅུང་ཟད་དཔྱད་པར་བྱ་བ་ལ། རྩ་བ་ལས། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་[1]མེད་པར་འགྱུར། །ཞེས་པའི་བསྟན་དོན་དུ་ནོར་བུའི་མེ་ལོང་ལས། མོ་ཡི་ཡི་གེ་ཨཱ་ལི་མཚོན་བྱེད་གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་མེད་པ་ན། ཞེས་ཡོངས་གྲགས་ཀྱི་དབྱངས་བཞིར་བཀྲལ་ནའང་། དབྱངས་བཞི་པོ་དེ་དག་མེད་པ་ཙམ་གྱིས་ནི་མཐའ་གཅིག་ཏུ་ཕོ་ཡིག་གི་བརྗོད་པ་རྣམས་མེད་པར་འགྱུར་ཚུལ་སུས་ཀྱང་དམ་བཅའ་བར་མི་ནུས་ལ།  དེར་བརྟེན། ཕོ་ཡིག་ཀཱ་ལི་རྣམས་ཀྱི་བརྗོད་པ་ཕལ་ཆེར་མེད་པར་འགྱུར་ལ། ཞེས། ཕལ་ཆེར་ཞེས་པའི་སྒྲ་གསར་སྣོན་མཛད་ཅིང་།  ཕལ་ཆེར་ཞེས་པའི་ཚིག་འདིའི་ནུས་སྟོབས་ལ་བསམས་ན།

Monday, September 7, 2009

རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པའི་གཏམ་ལས་འཕྲོས་ཏེ་དེང་དུས་ཀྱི་རིག་གསར་པ་རྣམས་ལ་སྔར་ཡོད་རིགས་པ་དེ་དག་གིས་སྐྱེ་བ་སྔ་ཕྱི་སྒྲུབ་ཐུབ་མིན་གྱི་སྐོར།

༄༅། །ནམོགུརུམཉྫུཤྲཱིཀུམཱརབྷཱུཏཱཡ། འགྱུར་མེད་གཡུང་དྲུང་ཆོས་སྐུའི་ཀློང་ནས་མཁྱེན་གཉིས་འོད་ཟེར་འབུམ་གྱི་གཟི།།
མ་རིག་མུན་པའི་གཤེད་དུ་འཆར་བས་འགྲོ་ཀུན་སྣང་བའི་ལམ་མཆོག་ལ།།
འདྲེན་པའི་བྱེད་པོ་མཆོག་ཏུ་བསྔགས་དེས་བདག་བློ་ཆུ་སྐྱེས་གསར་པའི་ཚལ།།
སྤོབས་པའི་འདབ་སྟོང་ཕྱོགས་མཐར་འབྱེད་པའི་དགེ་ལེགས་སྣང་བ་དེང་འདིར་སྩོལ།།

འདི་ན་ཐ་སྙད་རིགས་པར་སྨྲ་བའི་རྒྱུ་སྐར་གྲངས་ཀྱིས་མི་ལོང་ཡང༌།།
ཆེས་ཆེར་འཕགས་པའི་རི་བོང་འཛིན་ལྟར་བློ་གྲོས་དཀྱིལ་འཁོར་རབ་རྫོགས་ཏེ།།
འཁྲུལ་མེད་ལེགས་བཤད་འོད་སྣང་དམ་པས་ལོག་རྟོག་ཚ་གདུང་འཇོམས་པ་ལ།།
དྷརྨ་ཀཱིརྟིའི་མཛད་པར་འགྲན་པའི་བཤེས་གཉེན་ཀུན་ལའང་དད་ཕྱག་བརྩེགས།།
ཞེས་སྲོལ་བཟང་གི་འགྲོས་སྔོན་དུ་བཏང་ནས་གོང་གསལ་གྱི་བརྗོད་གཞིའི་སྐོར་ལས་འཕྲོས་ཏེ་ཕྱི་རོལ་རྒྱང་འཕེན་པའི་ངོར་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་ཇི་སྙེད་པ་འདི་དག་གི་ལམ་ནས་དེང་རབས་ཀྱི་རིག་གསར་དུ་གྲགས་པའི་ཚན་རིག་གི་ངོར་འཇིག་རྟེན་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་རྣམ་དག་ཅིག་འགོད་ཐུབ་བམ་མི་ཐུབ་ཅེས་པའི་དོགས་དཔྱོད་འདི་སྐབས་ཐོབ་ཀྱི་གླེང་གཞི་གཙོ་བོ་ཡིན་ལ། སྤྱིར་གནའ་དེང་གི་རིགས་པའི་རྣམ་གཞག་ལ་ཚུལ་བཞིན་ལྟ་བའི་ཤེས་རབ་ཀྱི་འདྲེན་བྱེད་དང་བྲལ་བ་ཞིག་གིས་རིགས་སྨྲ་མཁས་དབང་བརྒྱ་ཕྲག་གི་དབུས་སུ་ཇི་ལྟར་སྨྲ་ནའང་། ལོང་བས་གླང་ཆེན་གྱི་གཟུགས་ལ་གཞལ་བའི་དཔེ་ཟླར་འགྱུར་བ་ལས་མ་འདས་པས། གཟུར་གནས་བློ་གྲོས་ཀྱི་དཔལ་ལ་དབང་བ་དག་གིས་བཞད་གད་ཀྱི་ཡུལ་ལས་མ་གྱུར་མོད། 

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨–༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་པའི་ཞིང༌། །རྟག་ཏུ་མི...