Showing posts with label སྙན་ངག་གླིང་ཁ།. Show all posts
Showing posts with label སྙན་ངག་གླིང་ཁ།. Show all posts

Tuesday, January 10, 2023

ཞུས་ལན་མི་འདེབས།

༄༅། །ཕན་མེད་ལུང་མ་བསྟན་གྱིས་དུས་ཚོད་གྲོན་པའི།།
འབྲེལ་མེད་ཚིག་ཚོགས་སྤེལ་བའི་གོམས་འདྲིས་འདི་ལ།།
སྔོན་ཞིག་གཞོན་ནུའི་དུས་ན་སྤྲོ་སྣང་ཆེ་ཡང་།།
ད་ནི་ལོ་ན་རྒས་པས་སེམས་པ་སུན་གྱི།།

Saturday, January 7, 2023

ངག་བཅད།

༄༅། །གནས་ལུགས་དོན་གྱི་སྙིང་པོ་ལོན་པ་ཡི།།
དམ་པའི་སྐྱེས་མཆོག་རྣམས་ཀྱིས་གདུལ་བྱ་ལ།།
དོན་གྱི་ཟླ་བ་མཛེས་ལྡན་དེ་འོ་ཞེས།།
རྒྱན་སྤྲས་ཚིག་གི་ཕྱག་མཛུབ་ཀེར་བའི་དུས།།
ཟླ་བ་བོར་ནས་མཛུབ་མོའི་རྣམ་འགྱུར་ལ།།
གཅིག་ཏུ་འཐོམས་པའི་གང་ཟག་གཟིགས་ཐེངས་རེའི།།
ངུ་མ་དགོད་ཀྱི་ལྟད་མོས་འཇིག་རྟེན་འདིར།།
མཁས་གྲུབ་མང་ཞིག་ངག་བཅད་མཛད་པར་གྲགས།།

ཚིག་ལ་མི་རྟོན་དོན་ལ་རྟོན་པ་གཅེས།

༄༅། །ཤེས་ཡོན་ཚད་འཇལ་བྱེད་པའི་རྒྱུགས་སྤྲོད་འདིས།།
ཚིག་གི་སྤྲོས་པར་འཆེལ་པའི་གང་ཟག་ལ།།
དོན་མེད་སེམས་ཁྲལ་སློང་བའི་རྒྱུ་བྱེད་པས།།
ཚིག་ལ་མི་རྟོན་དོན་ལ་རྟོན་པ་གཅེས།།

དོན་དག་སེམས་ལ་ངེས་པའི་ངེས་ཤེས་ལས།།
ཚིག་ཚོགས་གང་འདོད་འབྱུང་བའི་དངོས་གྲུབ་དཔལ།།
དབང་བའི་བློ་ལྡན་རྣམས་ལ་རྒྱུགས་སྤྲོད་ཀྱིས།།
སེམས་ཁྲལ་སློང་བའི་སྐབས་ཤིག་ཡོང་རེ་སྐན།།

དེ་ཕྱིར་ཚིག་ལ་འཆེལ་པའི་སྡུག་བསྔལ་ལས།།
གྲོལ་བར་འདོད་ན་དོན་གྱི་སྙིང་པོ་ལོངས།།
དོན་མེད་ཚིག་ལས་འབྱུང་བ་རྟོག་གེ་ཡི།།
ཚིག་འཁྲིའི་ཚིག་སྐམ་ཙམ་མོ་ཤེས་ལྡན་རྣམས།།
ཕྱི་ལོ་ཟླ་ཚེས་ ༢༠༢༣/༠༡/༠༧ དགོང་མོར།

Sunday, September 25, 2022

ཆུ་ཕོ་སྟག་ལོའི་དབྱར་སྔ་མ་ཟླ་བ་གསུམ་ལེགས་པར་གྲུབ་པའི་མཐའ་རྟེན་གྱི་བསྔོ་སྨོན་ཤིས་བརྗོད།

༄༅༅། །ནམོརཏྣཏྲཡཱཡ། སྒྲིབ་གཉིས་མུན་པའི་སྨག་རུམ་རྣམ་པར་སངས། །མཁྱེན་གཉིས་རྟོགས་པའི་ཡོན་ཏན་ཡོངས་སུ་རྒྱས། །བདུད་བཞིའི་དཔུང་བཅོམ་ཡོན་ཏན་དྲུག་ལྡན་མགོན། །རྣམ་འདྲེན་བཞི་པ་སྟོན་པའི་མཆོག་ཏུ་སྙེན། །མགོན་དེས་འགྲོ་བའི་སྡུག་བསྔལ་སེལ་ཐབས་སུ། །མྱ་ངན་ཀུན་འབྱུང་རྒྱུ་ཡི་གཉེན་པོ་རུ། །གདུལ་བྱའི་ཁམས་དབང་བསམ་པའི་བྱེ་བྲག་ལྟར། །ལེགས་བཤད་ཆོས་ཕུང་སྐྱོབ་པའི་མཆོག་ཏུ་སྟེན། །གང་དེས་བསྟན་པའི་ལམ་བཟང་ཚུལ་བཞིན་དུ། །མ་ནོར་རྟོགས་ཤིང་ཉམས་སུ་བླངས་པའི་མཐུས། །རིག་གྲོལ་གཉིས་ལྡན་ཡོན་ཏན་རྒྱ་མཚོའི་གཏེར། །རྒྱལ་སྲས་འཕགས་ཚོགས་འདྲེན་པའི་མཆོག་ཏུ་བཀུར། །

Sunday, September 18, 2022

དགེ་བྱེད་ཆུ་སྟག་ལོའི་ཆག་སྒོ།

༄༅། །ནམོགུརུཝེ། 
མཚན་ཙམ་བཟུང་ཡང་འགྲོ་བའི་སྡུག་བསྔལ་སེལ་བར།།
ཞལ་བཞེས་དམ་བཅའི་བཀའ་བཙན་ཕྱོགས་ཀུན་གྲགས་པའི།།
སྲས་བཅས་རྒྱལ་བ་རྒྱ་མཚོས་བདག་སོགས་འགྲོ་ཀུན།།
འབྲལ་མེད་ཐུགས་རྗེའི་ཀློང་ནས་གཡེལ་མེད་སྐྱོངས་ཤིག།

Saturday, July 16, 2022

ཀ་བསྟོད་ཀ་ལན།

གྲོགས་མཆོག་ཀུན་ལེགས་དབང་ཕྱུག་གི་ཞལ་སྔ་ནས།
༄༅། །ཀ་ཡེ་གསན་དང་དམ་ཅན་ཆོས་གྲོགས་ལགས། །ཁ་དོག་ལེགས་པའི་མཚོར་སྐྱེས་པདྨོ་བཞིན། །ག་ན་བཞུགས་ཀྱང་རང་དོན་དྲི་མ་བྲལ། །ང་ཡང་བསམས་ཤིང་ཁྱེད་ལ་ཡི་རངས་བསྐྱེད། །ཅ་ཅོ་དབྱེན་ཞིང་བྱིན་རླབས་ཆེ་བའི་སར། །ཆ་ཚང་སྤངས་ཏེ་བསམ་གཏན་མ་བསྒོམས་ཀྱང་། །ཇ་ཆང་འཛོམས་པའི་ཚོང་དཔོན་ནོར་བཟང་བཞིན། །ཉ་མོ་ཁྱེད་ཀྱིས་རྒྱ་མཚོའི་གཏིང་མཐའ་བསྐོར། །ཏ་ཐ་ག་ཏའི་དགོངས་པ་ཚུལ་བཞིན་རྟོགས། །ཐ་མལ་ཤེས་པའི་ངང་ཚུལ་མ་ནོར་སྐྱོང་། །ད་ལྟ་བསྟན་འགྲོར་སྨན་པའི་མཛད་བཟང་ལ། །ན་ཆུང་བྱིས་པ་ཡན་ཆད་ངོ་མཚར་བསྐྱེད། །པ་ཏྲ་མཁན་གྱིས་རྡོ་ལ་རི་མོ་བཞིན། །ཕ་མ་བཟང་པོའི་བསླབ་བྱ་ཐུགས་ལ་བསྣམས། །བ་རྫི་མཛད་ནས་ཨ་མ་འདྲེན་པ་བཞིན། །མ་ཡིག་ཀློག་བཞིན་བླ་མའི་དགོངས་དོན་སྒྲུབ། །ཙ་རི་གནས་ཆེན་བསྐོར་བའི་རེ་བ་མེད། །ཚ་བ་བཟོད་མི་ཐུབ་པའི་དོགས་པའང་མེད། །ཛ་ཏི་སྨན་ཆེན་བླ་མའི་གདམས་ངག་རྣམས། །ཝ་མོ་སྐོམ་པས་ཆུ་བཞིན་ངོམ་མེད་འཐུང་། །ཞྭ་མོ་དགོས་པའི་གོ་གནས་དུག་བཞིན་སྤངས། །ཟ་མ་གང་བྱུང་སྨན་བཞིན་དུས་སུ་སྤྱོད། །འ་འུར་ཕུགས་ལ་འཕུང་བའི་རང་དོན་རྣམས། །ལ་བར་འདོར་བ་ཁྱོན་འདིར་ཁྱེད་ཅིག་པུ། །ར་ལུག་བཞིན་དུ་འཁོར་བར་འཁྱམས་པ་ཡི། །ལ་ལ་ཙམ་མིན་ཐམས་ཅད་ཕ་མ་དང་། །ཤ་ཉེ་བཞིན་དུ་བྱམས་བརྩེས་སྐྱོང་མཛད་པའི། །ར་གནས་སེམས་དཔའི་རྗེས་འཇུག་ཁྱེད་མིན་སུ། །ཧ་ལས་ཐུགས་བསྐྱེད་ཆེ་བ་ཁྱེད་ལྟ་བུ། །ཨ་ཧོ་ངོ་མཚར་ཆེ་བས་གུས་བསྟོད་ཕུལ།། 16 July 2022 11:48:36

༈ ཞུ་ལན་ཀ་བཤད་ལུགས་ལྡོག་མ།
ཧ་ཧ་ཧ། ལར་དག་སྣང་སྦྱོང་མཁན་གྱི་རྣལ་འབྱོར་པ་ཚོའི་རང་སྣང་ལ་ཡོད་ཚད་དག་གཟིགས་སུ་འགྲོ་བའི་སྐབས་འཁོར་འདས་མཉམ་ཉིད་དུ་རྫོགས་པར་གསུངས་པས། ཁྱེད་ཀྱིས་གང་གཟིགས་པ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ལས་གཞན་ནི་བྱ་ཐབས་ཅི། ཡོད་ཚད་བཟང་པོར་གཟིགས་པའང་ཡོན་ཏན་ཅན་གྱི་ལྟ་སྟངས་ཡིན་པས། ལྟ་སྟངས་འགྲིགས་སོང་ན་ཐམས་ཅད་འགྲིགས་འགྲོ་བ་དང་། ལྟ་སྟངས་མ་འགྲིགས་ན་ཐམས་ཅད་ནོར་འགྲོ་བ་ཞིག་ཡིན་པ་འདྲ། ཐེག་པའི་གཞུང་ལུགས་རྣམས་སུའང་ལྟ་བ་གལ་ཆེ་བར་གསུངས་ཤིང་། བླ་མ་གོང་མ་ཀུན་གྱིས་ཀྱང་སློབ་མ་ཚོར་ཀུན་ལ་དག་སྣང་སྦྱོངས་ཤིག་ཅེས་ནན་ཏན་གྱིས་གསུངས་པའི་རྒྱུ་མཚན་འདི་ཀ་མིན་འགྲོ། གང་ལྟར། སྐྱོན་མཚང་གིས་སྦགས་པའི་གང་ཟག་བདག་འདྲ་ལའང་ལེགས་པའི་ཆ་དེ་འདྲ་རང་གཟིགས་ཐུབ་པ་ནི་ཁྱེད་ཁོ་ནའི་ཁྱད་ཆོས་སུ་ངེས། དེ་མིན་ང་རང་གི་ལྟ་སྟངས་གཞིར་བྱས་ན། གོང་དུ་ཁྱེད་ཀྱིས་བསྟོད་ཚིག་ཏུ་བཀོད་པའི་ཀ་རྩོམ་དེ་དག་ནི་ང་རང་ལ་ཟུར་ཟ་དང་འཕྱ་ལད་གནང་བའི་རྣམ་པ་ཅན་འབའ་ཞིག་ཏུ་མཐོང་། འདི་ཡང་ང་རང་མ་དག་པའི་བློ་སྐྱོན་ལ་གོམས་པའི་སྟོབས་ཀྱིས་མཐོང་བ་ཞིག་ནི་ཅི་ལ་མིན། དེའི་ཕྱིར། ཁྱེད་ཀྱིས་མཛད་པའི་ཀ་རྩོམ་དེ་བཀླགས་པའི་རྗེས་ང་རང་གི་ཚོར་སྣང་ཇི་བྱུང་རྣམས་རང་བཞིན་བརྗོད་པའི་ལམ་ནས། འཁོར་བ་ལུགས་ལྡོག་ཏུ་གྲོལ་བའི་རྟེན་འབྲེལ་ལ་དམིགས་ནས་ཀ་བཤད་ལུགས་ལྡོག་མའི་རྣམ་པར་འགོད་པར་སྤྲོའོ། ། 

༄༅། །ཨ་ཧོ་དེ་འདྲའི་ངོ་མཚར། །རྨད་བྱུང་དམ་པའི་ཁྱད་ཆོས། །ཧ་ལམ་ཁྱེད་ཀྱིས་གཟིགས་པའི། །དག་པའི་སྣང་བ་ཡིན་ཚོད། །ས་དང་ལམ་གྱི་རྟོགས་པར། །ཡིད་སྨོན་སྙིང་ནས་ཆེ་ཡང་། །ཤ་ཚ་དོན་གྱི་ཉམས་ལེན། །རང་གི་རྒྱུད་ལ་མེད་དུས། །ལ་ལུང་མང་པོས་ཆོད་པའི། །དབྱར་རྔའི་ཡུལ་ཕྱོགས་དེ་ནས། །ར་མ་ལུག་ཅན་བདག་ལ། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ཡ་གིའི་དབེན་རིར་སྒྲུབ་འདོད། །དད་མོས་སྙིང་ནས་ཆེ་ཡང་། །འ་འུར་ལས་ལ་གཡེངས་ནས། །འདི་སྣང་འཁོར་བའི་མི་ཚེ། །ཟ་ངེ་ཟིང་ངེས་རྫོགས་པའི། །སྙིགས་དུས་གྲྭ་པའི་གཟུགས་ཅན། །ཞ་ཞའི་ལག་ཅན་བདག་ལ། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ཝ་ལེ་ཝལ་ལེར་མི་རྟག །ཡིད་ལ་ཡང་ཡང་དྲན་རུང་། །ཛ་དྲག་ཕྱི་མའི་འདུན་མ། །ལེ་ལོའི་བདུད་ཀྱིས་ཁྱེར་བས། །ཚ་གི་ཚི་གིར་གྱུར་ཏེ། །གཏོལ་མེད་ངང་ལ་གནས་དུས། །ཙ་གེ་ཙིག་གེའི་བྱ་བྲལ། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །མ་འགྲིགས་རང་གིས་ལན་པ། །རང་སྐྱོན་ཡིན་པར་ཤེས་ཀྱང་། །བ་ཉལ་མཛོ་གྲོད་བདག་ལ། །ལས་དབང་འདི་གའི་རྐྱེན་པས། །ཕ་རོལ་ཕ་རོལ་ཕྱིན་པའི། །ཉམས་ལེན་དོན་ལ་འཕོངས་དུས། །པ་ར་མཱརྠའི་དགོངས་ལོན། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ན་ནིང་ནད་ཡམས་དར་དུས། །འཆི་ཆོས་སེམས་ནས་དྲན་ཀྱང་། །ད་ལོ་བདེ་ཞིང་སྐྱིད་དུས། །འཆི་མེད་རྡོ་རྗེར་རློམ་གྱིན། །ཐ་མལ་འཇིག་རྟེན་རང་གའི། །སྣང་བ་འདི་ལ་འཕྱན་དུས། །ཏ་ཐཱ་ག་ཏའི་རྗེས་འབྲང་། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ཉ་ཕག་སྦྲང་རྩི་སོགས་ཀྱི། །སྡིག་ཟས་འདི་ལ་འཇིགས་ཀྱང་། །ཇ་ཡི་བསྙེན་བཀུར་ལ་སོགས། །དཀོར་ནག་བག་མེད་རོལ་གྱིན། །ཆ་མེད་ཡ་མེད་སྤྱོད་པས། །གྲྭ་སའི་གཉེར་མཛོད་སྟོང་དུས། །ཅ་ཅོས་དབེན་པའི་རི་ནས། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ང་ནི་མཐའ་མེད་འཁོར་བར། །ད་དུང་ཡུན་རིང་ལྷག་ངེས། །ག་ལེར་ཐར་ལམ་ཟིན་པའི། །སྐྱབས་སྨོན་ཐུགས་རྗེ་མ་ཆུང་། །ཁ་སྔོན་དངོས་ཞལ་མཇལ་པ། །ང་རང་བསོད་བདེ་ཆེ་འོ། །ཀ་དག་དགོངས་པའི་ཀློང་ནས། །འབྲལ་མེད་ཐུགས་རྗེས་གཟིགས་རོགས། །ཉག་ཉོག་མང་དྲགས་ན་ཁྱེད་ཀྱི་རྣལ་འབྱོར་ལ་བར་ཆད་དུ་འགྲོ་ངེས་པས། མཐའ་རྟེན་གསོལ་འདེབས་ཀྱི་མཚམས་སྦྱོར་དང་བཅས་འདི་ཙམ་ནས་མཇུག་བསྡུས། ཁྱེད་ཀྱི་ཐུགས་དམ་གོང་འཕེལ་དུ་གྱུར་ཅིག །བཀྲ་ཤིས། ཕྱི་དྲོ་བདེ་ལེགས། 🙏🙏🙏 16 July 2022 18:51:59

Monday, June 20, 2022

སྨོན་ལམ་ཚིག་གསུམ་གྱི་སྐྱེལ་མ།

༄༅། །ཨོཾམཎིཔདྨེཧཱུཾཧྲཱིཿ སྔོན་གྱི་ལས་སམ་གློ་བུར་རྐྱེན་དབང་ལས། །ཚེ་འདིའི་འཕེན་པ་དུས་མིན་རྫོགས་པ་ན། །བདག་དང་བདག་འདྲའི་སེམས་ཁམས་སྐྱོ་སྣང་གིས། །ཡོངས་སུ་ཁེངས་ཀྱང་འདི་ལ་སངས་ཐབས་ཅི། །ད་ནི་ཁྱེད་རང་བར་དོའི་འཕྲང་ལམ་ནས། །ཕྱི་མའི་ཡུལ་ཁམས་ཁེར་རྐྱང་འགྲིམ་པའི་དུས། །རྩ་གསུམ་ཀུན་འདུས་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་ཀྱིན་ཕེབས་ཨ་སྲིང་ཆུང་མ། །འདི་ནས་བདག་དང་དམ་གཙང་མཆེད་ལྕམ་གྱིས། །མུ་མེད་ཐག་རིང་ཕྱི་མའི་འཇིག་རྟེན་ན། །ཁྱེད་ལ་གཅིག་ཏུ་ཕན་པའི་རྣམ་དཀར་དཔལ། །ཡོད་རྒུའི་དགེ་རྩ་གྲོགས་སུ་བརྫངས་ཡོང་ངོ་། །བདག་ཅག་ཁྱེད་ལ་ཞེན་ཅིང་འཁྲེང་ན་ཡང་། །ཁྱེད་རང་སྲིད་པའི་ཆོས་ལ་ཞེན་མེད་ངང་། །རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་འོད་སྣང་དང་། །འབྲལ་མེད་བདེ་བར་བཞུད་ཨ་སྲིང་ཆུང་མ། །སྐྱེ་མཐའ་འཆི་བའི་ལྡོག་མེད་ཆོས་ཉིད་འདིས། །གནས་སྐབས་ཁྱེད་དང་རྒྱང་རིང་གྱུར་ན་ཡང་། །༸སྐྱབས་གཅིག་གྲུབ་དབང་བླ་མའི་སྐྱབས་འོག་ཏུ། །ཚུད་ཅིང་དཀྱིལ་འཁོར་གཅིག་ཏུ་དབང་བའི་མཐུས། །སླར་ཡང་རང་རེ་མུ་མེད་འཇིག་རྟེན་ནས། །སྐྱེ་བའི་སྐྱེ་བར་ཡང་ཡང་མཇལ་བ་དང་། །ལྷན་ཅིག་དམ་ཆོས་བདུད་རྩིའི་དཔལ་ཡོན་ལ། །སྤྱོད་པའི་སྐལ་བཟང་ཡང་ཡང་འཐོབ་པར་ཤོག །ཚེ་རབས་སྐྱེ་བའི་ཕྲེང་བ་རྣམ་ཀུན་ཏུ། །མཚུངས་མེད་རྗེ་བཙུན་བླ་མའི་སྐྱབས་འོག་ནས། །རྡོ་རྗེའི་སྲིང་ཆུང་ཁྱེད་དང་འབྲལ་མེད་ངང་། །མཐའ་ཡས་འགྲོ་བའི་དོན་ལ་བརྩོན་ནུས་ཤོག། །།
    བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཨོཾམཎིཔདྨེཧཱུཾཧྲཱིཿ། ཨོཾཨཱཿཧཱུཾབཛྲགུརུཔདྨསིདྡྷིཧཱུཾ། ཨོཾབཛྲསཏྟྭཧཱུཾ། ༸རྗེ་བཙུན་གྲུབ་དབང་བླ་མ་མཁྱེན། ༸རྗེ་བཙུན་གྲུབ་དབང་བླ་མ་མཁྱེན། ༸རྗེ་བཙུན་གྲུབ་དབང་བླ་མ་མཁྱེན། ཨོཾདྷརེདྷརེབྷནྡྷརེབྷནྡྷརེསྭཱཧཱ། དགེ་བ་སྟོབས་ཆེ་བར་གྱུར་ཅིག །སྨོན་ལམ་མཐུ་བཙན་པར་གྱུར་ཅིག །སྡིག་པ་འདག་སྐྱེན་པར་གྱུར་ཅིག །ཛཡཛཡ། སིདྡྷིསིདྡྷི། ཕལཕལ། འཿཨཿཧཿཤཿསཿམཿ། མམཀོལིངསམནྟ། སྤྱི་ལོ་ཟླ་ཚེས་ ༢༠༢༢-༠༦-༢༠ སྔ་དྲོའི་ཆར།

Thursday, March 14, 2019

ཨོ་ཌི་ཤའི་ཡུལ་དུ་འགྲོ་བར་བྲོད་པ་སྐྱེད་པའི་ལེའུ།

༄༅། །ན་མོ་གུ་རུ། མ་ལུས་འགྲོ་ཁམས་ཐུགས་རྗེས་སྐྱོང་བ་ལ། །ཟླ་མེད་གྲུབ་པའི་དབང་ཕྱུག་དྲིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་ཀྱིས། །ཅི་བྱས་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །སྔོན་ཞིག་རྒྱ་གར་ཤར་ཕྱོགས་རྒྱ་མཚོའི་མཐའ། །རྒྱལ་བསྟན་རིན་ཆེན་སྣང་བ་རྒྱས་པའི་ཡུལ། །གྲུབ་མཆོག་གྲངས་མེད་འཇའ་ལུས་དེངས་པའི་ས། །སྐྱེ་མཆོག་ཀུན་གྱི་བསྟི་གནས་བྱིན་རླབས་ཅན། །ཨོ་ཌི་ཤ་འམ་ཨོ་ཌི་ཝི་ཤ་ཞེས། །སྙན་པའི་གྲགས་པ་ཀུན་ཁྱབ་ཡུལ་གྲུ་དེའི། །གཏམ་རྒྱུད་དགོས་པའི་དབང་གིས་ཅུང་ཟད་བྲི། །ཐུགས་ཕན་གསོ་བར་རེ་འོ་ཞིབ་ཀྱིས་ཀློགས།།

Monday, August 27, 2018

རེམ་རེམ།

༄༅། །བླ་མ་མཁྱེན། ད་ནི་ཚེ་འདི་རྣམ་གཡེང་གིས་རྫོགས་རན། །ངེས་མེད་འཆི་བ་ནམ་འོང་ནི་ཆ་མེད། །འཚོ་ཆས་ཤི་གསོན་དཀོར་ནག་ལ་སྤྱད་པའི། །བུ་ལོན་ངན་འགྲོའི་གནས་རིས་ནས་འཇལ་ལམ། །ཚེ་སྨད་ཉམས་ལེན་སྨར་བ་ཞིག་བྱུང་ན། །འཆི་ཁའི་གནད་གཅོད་ཟློག་ཐབས་ནི་མེད་ཀྱང་། །ཕྱི་མའི་བགྲོད་ལམ་བདེ་བ་རུ་ངེས་མོད། །ངེས་མེད་ཚེ་ལ་ངེས་པ་རུ་བཟུང་བཟུང་། །ཚེ་སྨད་སྒུག་པའི་འཁྲུལ་སྣང་གིས་བསླུས་བསླུས། །ཆོས་འདོད་གྲངས་མེད་ཆོས་མེད་དུ་ཕྱིན་ཕྱིན། །འགྱོད་པའི་མིག་ཆུ་རྒྱ་མཚོ་རུ་བསྐྱིལ་བསྐྱིལ། །ཡིད་སྐྱོའི་ཟློས་གར་མཐོང་ཐོས་སུ་གྱུར་གྱུར། །ཐབས་མཁས་ཉམས་ལེན་ད་ལྟ་ནས་རེམ་རེམ། །ཐབས་མཁས་ཉམས་ལེན་ད་ལྟ་ནས་རེམ་རེམ། །
~རང་ཉིད་ལ་གསལ་འདེབས་སུ། སྤྱི་ལོ་ཟླ་ཚེས་ ༢༠༡༨-༠༨-༢༧ ཉིན།

Sunday, July 23, 2017

སོམ་ཉིའི་ཀློང་གི་ལྟད་མོ།

༄༅། །བདེན་རྫུན་གཉིས་ཀས་དབང་སྒྱུར་བྱས་པའི།།
ངོ་དེབ་ཅེས་པའི་འཇིག་རྟེན་འདི་ན།།
ཕ་སྐད་གཙང་མའི་གླེང་ཕྱོགས་ཤིག་ནས།།
ངོ་སོ་མཐོ་བའི་གོ་ས་བཟུང་སྟེ།།

Wednesday, January 20, 2016

རེ་དོན་ཚིག་གསུམ།

༄༅། །ཀུན་ཕན་ཐུགས་བསྐྱེད་མཁའ་མཐར་ཁྱབ་པས་འགྲོ་ཀུན་བརྩེ་བའི་རུམ་དུ་སྙོར་གྱིན།།
ཕ་རོལ་ལེགས་ན་རང་ཉིད་ཕུང་ཡང་རྣམ་ཀུན་དགྱེས་པའི་འཛུམ་མདངས་ངོམ་མཁན།།
ཚེ་རབས་གཏན་གྱི་སྐྱབས་སུ་བསླུ་མེད་༸གྲུབ་དབང་བླ་མ་གཙུག་ཏུ་བསྒོམས་ཏེ།།
རེ་དོན་ཚིག་གསུམ་ཁྱེད་ལ་ཞུ་འོ་རྡོ་རྗེ་སྲིང་ཆུང་བདག་ལ་གསོན་ཅིག།

Sunday, November 22, 2015

ལྷ་རེག་ཁྲོད་ཀྱི་བྱ་དགའ་འདི་ཡང་ཚེ་རབས་གཏན་གྱི་བུན་དུ་སོང་།

༄༅། །གཅིག་ཏུ་སྨན་པའི་ཕུལ་བྱུང་བློ་བསྐྱེད་དུས་དང་ནུས་པས་འབུལ་མ་ནུས།།
འཕྲལ་བྱུང་ཞོར་གྱི་སློབ་ཁྲིད་ཡོད་རྒུ་སྐབས་ཀྱི་དུས་ཡུན་གྲོན་རྒྱུ་ལས།།
ཕན་ཐོགས་ཅན་གྱི་གྲུབ་དོན་ཟེར་ཡང་ཉིན་ཞག་མང་པོའི་མགོ་རྙོག་སྟེ།།
དོན་མེད་ངལ་བས་ཁྱེད་ཅག་ཉོབ་ལ་བདག་གིས་ལན་ཡོད་བཟོད་པར་བཞེས།།

རྩིས་འཕྲུལ་ཐོག་གི་ཤེས་བྱ་འདི་ཀུན་ཆོས་དོན་གཉེར་བའི་ཆོས་གྲོགས་ཚོའི།།
རིན་ཆེན་དུས་ཚོད་སྟོང་ཟད་གཏོང་བྱེད་ལྷ་བུའི་བདུད་ཀྱི་རྣམ་འཕྲུལ་སྟེ།།
འདི་ཕྱི་གང་ལའང་དོན་འབྲས་དབེན་པའི་ཤེས་བྱའི་རྣམ་གྲངས་འདི་རིགས་ལ།།
ཕྱིན་ཆད་བརྩོན་པའི་ངལ་བ་མ་མཛད་མཛད་ན་མི་ཚེ་སྟོང་ཟད་རེད།།

ཉིན་ཞག་མང་པོའི་བསྙེན་བཀུར་རིན་པ་འཇལ་བ་བདག་གིས་མ་ལྕོགས་ཁར།།
མགོ་མཇུག་མེད་པའི་སློབ་ཁྲིད་སྣ་རྒུས་གསལ་བའི་རྣམ་རིག་རྨོངས་བྱས་ཏེ།།
ཁྱེད་ཅག་ངལ་བའི་མཐའ་ལ་སྦྱར་པར་སྟོབས་བཞིའི་སྡིག་བཤགས་མ་གྲུབ་གོང་།།
ལྷ་རེག་ཁྲོད་ཀྱི་བྱ་དགའ་འདི་ཡང་ཚེ་རབས་གཏན་གྱི་བུན་དུ་སོང་།། 
སྤྱི་ལོ་ཟླ་ཚེས་ ༢༠༡༥-༡༡-༢༢ ཉིན།

Friday, June 19, 2015

ཐོ་བ།

༄༅། །སྤྱི་དོན་སྒེར་ཐོག་བབས་པའི་དཀའ་ཚེགས་ཁྲོད་ནས།།
ངང་རིང་ཚུགས་ཀ་བརྟན་པའི་གཤིས་རྒྱུད་ཅན་པོ།།
བློ་མཐུན་རྒྱུ་དག་ཅན་གྱི་གྲོགས་མཆོག་རེ་ཡི།།
ཞུམ་མེད་སྤོབས་པའི་ཕྱོགས་སུ་གདེང་འཇོག་མེད་པར།།

Wednesday, January 28, 2015

གྱེས་ཁའི་ཚིགས་བཅད།

༄༅། །༸སྐྱབས་གཅིག་བསླུ་མེད་ཀྱི་༸གྲུབ་དབང་བླ་མ།།
བཀའ་དྲིན་མཚུངས་མེད་ཀྱི་ཡིད་བཞིན་ནོར་བུས།།
རིས་མེད་བྱམས་ལྡན་གྱི་ཐུགས་རྗེས་བསྐྱངས་པའི།།
ཆོས་འབྲེལ་སྲིང་ཆུང་ཡ་བདག་ལ་གསོན་ཅིག།

Thursday, January 9, 2014

བྱམས་བརྩེ་མ།

༄༅། །རིག་རིག་མིག་གིས་མངོན་པ་ཐོག་མ་ཐོག་མ།།
སྙན་སྙན་གཅེས་མིང་འཚེར་མེད་ཐད་ཀར་ཐད་ཀར།།
འཛེམས་མེད་ཁྱེད་ལ་དྲིས་པའི་ཉིན་མོ་དེ་ཀོ།
པར་སྐྲུན་འཕྲུལ་ཁང་དེ་ཡི་ནང་ལོགས་རེད་ཡ།།

Saturday, December 14, 2013

འབོད་སྐུལ་ཚིག་གསུམ།

༄༅། །མཐར་འབྲས་སྐུ་དང་ཡེ་ཤེས་དམ་པའི་དཔལ།།
སྒྲུབ་པའི་ལམ་མཆོག་གསལ་བར་བྱེད་པ་ཡི།།
དྲི་མེད་ཐབས་ལམ་ཆོས་ཀྱི་སྒྲོན་མེ་དང་།།
འབྲལ་མེད་དམ་གཙང་རྡོ་རྗེ་སྤུན་གྲོགས་ལགས།།

Wednesday, August 28, 2013

ན་ཚ་ཕྱིར་ལོག་བརྒྱབས་རྗེས།

༄༅། །འདས་པའི་ལོ་བཅུ་ཕྲག་སྔོན་
ཚེ་སྲོག་གང་མང་ཞིག་ལ་གནོད་འཚེ་འཕོག་སྟངས་ཐད་བསམས་ན་
ན་ཚ་འདི་གཉན་ནད་རེག་དུག་གི་ཚད་དུ་སྨྲ་ཆོག་ཀྱང་

Tuesday, July 23, 2013

བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།

༄༅། །སྟོན་རླུང་བསིལ་བསེར་ཕྱོགས་མེད་ལྡང་ཞིང་རྐང་འཐུང་ལོ་འདབ་ཆར་དུ་འབེབས་པའི།།
གསེར་ལྡན་དུས་ཀྱི་རི་སྤང་མཚམས་ན་དྲི་བཞོན་རླུང་གི་ཤུར་སྒྲ་ལྷན་དུ།།
འཇིག་རྟེན་འདི་ཡི་ལྷིང་འཇགས་དཀྲོག་པའི་ངུ་སྐད་ཐོག་མ་ཁྱེད་ཀྱིས་སྒྲོག་སྐབས།།
དྲིན་ཅན་ཕ་མ་འཛུམ་གྱིས་ཁེངས་ཡོད་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

Sunday, May 26, 2013

ནམ་ཞིག་ཐར་རམ།

༄༅། །སྨྲ་ཤེས་ངག་གི་བརྡ་ལ་ལྐུགས་པ་ཙམ་ལས།།
ཚོར་ཤེས་སེམས་ཀྱི་གནས་བབ་མི་དང་མཚུངས་པའི།།
ཉམ་ཆུང་དུད་འགྲོ་ཞེས་པའི་སེམས་ཅན་འདི་དག།
རྐང་གཉིས་སྲིན་པོའི་ལག་ནས་ནམ་ཞིག་ཐར་རམ།།

Saturday, May 11, 2013

སྨྱོན་པ་རེད།

༄༅། །རང་ཁ་རང་ལ་བསྐོར་པའི་བསམ་གཞིག་དང་།།
རང་དྲིན་རང་ལ་ཆེ་བའི་མནོ་བསམ་རེ།།
རང་གིས་རང་ལ་གཏོང་བ་བརྗེད་གྱུར་ནས།།
རང་མིན་གཞན་སྐྱོན་གླེང་བ་སྨྱོན་པ་རེད།།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨–༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་པའི་ཞིང༌། །རྟག་ཏུ་མི...