གྲོགས་མཆོག་ཀུན་ལེགས་དབང་ཕྱུག་གི་ཞལ་སྔ་ནས།
༄༅། །ཀ་ཡེ་གསན་དང་དམ་ཅན་ཆོས་གྲོགས་ལགས། །ཁ་དོག་ལེགས་པའི་མཚོར་སྐྱེས་པདྨོ་བཞིན། །ག་ན་བཞུགས་ཀྱང་རང་དོན་དྲི་མ་བྲལ། །ང་ཡང་བསམས་ཤིང་ཁྱེད་ལ་ཡི་རངས་བསྐྱེད། །ཅ་ཅོ་དབྱེན་ཞིང་བྱིན་རླབས་ཆེ་བའི་སར། །ཆ་ཚང་སྤངས་ཏེ་བསམ་གཏན་མ་བསྒོམས་ཀྱང་། །ཇ་ཆང་འཛོམས་པའི་ཚོང་དཔོན་ནོར་བཟང་བཞིན། །ཉ་མོ་ཁྱེད་ཀྱིས་རྒྱ་མཚོའི་གཏིང་མཐའ་བསྐོར། །ཏ་ཐ་ག་ཏའི་དགོངས་པ་ཚུལ་བཞིན་རྟོགས། །ཐ་མལ་ཤེས་པའི་ངང་ཚུལ་མ་ནོར་སྐྱོང་། །ད་ལྟ་བསྟན་འགྲོར་སྨན་པའི་མཛད་བཟང་ལ། །ན་ཆུང་བྱིས་པ་ཡན་ཆད་ངོ་མཚར་བསྐྱེད། །པ་ཏྲ་མཁན་གྱིས་རྡོ་ལ་རི་མོ་བཞིན། །ཕ་མ་བཟང་པོའི་བསླབ་བྱ་ཐུགས་ལ་བསྣམས། །བ་རྫི་མཛད་ནས་ཨ་མ་འདྲེན་པ་བཞིན། །མ་ཡིག་ཀློག་བཞིན་བླ་མའི་དགོངས་དོན་སྒྲུབ། །ཙ་རི་གནས་ཆེན་བསྐོར་བའི་རེ་བ་མེད། །ཚ་བ་བཟོད་མི་ཐུབ་པའི་དོགས་པའང་མེད། །ཛ་ཏི་སྨན་ཆེན་བླ་མའི་གདམས་ངག་རྣམས། །ཝ་མོ་སྐོམ་པས་ཆུ་བཞིན་ངོམ་མེད་འཐུང་། །ཞྭ་མོ་དགོས་པའི་གོ་གནས་དུག་བཞིན་སྤངས། །ཟ་མ་གང་བྱུང་སྨན་བཞིན་དུས་སུ་སྤྱོད། །འ་འུར་ཕུགས་ལ་འཕུང་བའི་རང་དོན་རྣམས། །ཡལ་བར་འདོར་བ་ཁྱོན་འདིར་ཁྱེད་ཅིག་པུ། །ར་ལུག་བཞིན་དུ་འཁོར་བར་འཁྱམས་པ་ཡི། །ལ་ལ་ཙམ་མིན་ཐམས་ཅད་ཕ་མ་དང་། །ཤ་ཉེ་བཞིན་དུ་བྱམས་བརྩེས་སྐྱོང་མཛད་པའི། །སར་གནས་སེམས་དཔའི་རྗེས་འཇུག་ཁྱེད་མིན་སུ། །ཧ་ལས་ཐུགས་བསྐྱེད་ཆེ་བ་ཁྱེད་ལྟ་བུ། །ཨ་ཧོ་ངོ་མཚར་ཆེ་བས་གུས་བསྟོད་ཕུལ།། 16 July 2022 11:48:36
༈ ཞུ་ལན་ཀ་བཤད་ལུགས་ལྡོག་མ།
ཧ་ཧ་ཧ། ལར་དག་སྣང་སྦྱོང་མཁན་གྱི་རྣལ་འབྱོར་པ་ཚོའི་རང་སྣང་ལ་ཡོད་ཚད་དག་གཟིགས་སུ་འགྲོ་བའི་སྐབས་འཁོར་འདས་མཉམ་ཉིད་དུ་རྫོགས་པར་གསུངས་པས། ཁྱེད་ཀྱིས་གང་གཟིགས་པ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ལས་གཞན་ནི་བྱ་ཐབས་ཅི། ཡོད་ཚད་བཟང་པོར་གཟིགས་པའང་ཡོན་ཏན་ཅན་གྱི་ལྟ་སྟངས་ཡིན་པས། ལྟ་སྟངས་འགྲིགས་སོང་ན་ཐམས་ཅད་འགྲིགས་འགྲོ་བ་དང་། ལྟ་སྟངས་མ་འགྲིགས་ན་ཐམས་ཅད་ནོར་འགྲོ་བ་ཞིག་ཡིན་པ་འདྲ། ཐེག་པའི་གཞུང་ལུགས་རྣམས་སུའང་ལྟ་བ་གལ་ཆེ་བར་གསུངས་ཤིང་། བླ་མ་གོང་མ་ཀུན་གྱིས་ཀྱང་སློབ་མ་ཚོར་ཀུན་ལ་དག་སྣང་སྦྱོངས་ཤིག་ཅེས་ནན་ཏན་གྱིས་གསུངས་པའི་རྒྱུ་མཚན་འདི་ཀ་མིན་འགྲོ། གང་ལྟར། སྐྱོན་མཚང་གིས་སྦགས་པའི་གང་ཟག་བདག་འདྲ་ལའང་ལེགས་པའི་ཆ་དེ་འདྲ་རང་གཟིགས་ཐུབ་པ་ནི་ཁྱེད་ཁོ་ནའི་ཁྱད་ཆོས་སུ་ངེས། དེ་མིན་ང་རང་གི་ལྟ་སྟངས་གཞིར་བྱས་ན། གོང་དུ་ཁྱེད་ཀྱིས་བསྟོད་ཚིག་ཏུ་བཀོད་པའི་ཀ་རྩོམ་དེ་དག་ནི་ང་རང་ལ་ཟུར་ཟ་དང་འཕྱ་ལད་གནང་བའི་རྣམ་པ་ཅན་འབའ་ཞིག་ཏུ་མཐོང་། འདི་ཡང་ང་རང་མ་དག་པའི་བློ་སྐྱོན་ལ་གོམས་པའི་སྟོབས་ཀྱིས་མཐོང་བ་ཞིག་ནི་ཅི་ལ་མིན། དེའི་ཕྱིར། ཁྱེད་ཀྱིས་མཛད་པའི་ཀ་རྩོམ་དེ་བཀླགས་པའི་རྗེས་ང་རང་གི་ཚོར་སྣང་ཇི་བྱུང་རྣམས་རང་བཞིན་བརྗོད་པའི་ལམ་ནས། འཁོར་བ་ལུགས་ལྡོག་ཏུ་གྲོལ་བའི་རྟེན་འབྲེལ་ལ་དམིགས་ནས་ཀ་བཤད་ལུགས་ལྡོག་མའི་རྣམ་པར་འགོད་པར་སྤྲོའོ། །
༄༅། །ཨ་ཧོ་དེ་འདྲའི་ངོ་མཚར། །རྨད་བྱུང་དམ་པའི་ཁྱད་ཆོས། །ཧ་ལམ་ཁྱེད་ཀྱིས་གཟིགས་པའི། །དག་པའི་སྣང་བ་ཡིན་ཚོད། །ས་དང་ལམ་གྱི་རྟོགས་པར། །ཡིད་སྨོན་སྙིང་ནས་ཆེ་ཡང་། །ཤ་ཚ་དོན་གྱི་ཉམས་ལེན། །རང་གི་རྒྱུད་ལ་མེད་དུས། །ལ་ལུང་མང་པོས་ཆོད་པའི། །དབྱར་རྔའི་ཡུལ་ཕྱོགས་དེ་ནས། །ར་མ་ལུག་ཅན་བདག་ལ། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ཡ་གིའི་དབེན་རིར་སྒྲུབ་འདོད། །དད་མོས་སྙིང་ནས་ཆེ་ཡང་། །འ་འུར་ལས་ལ་གཡེངས་ནས། །འདི་སྣང་འཁོར་བའི་མི་ཚེ། །ཟ་ངེ་ཟིང་ངེས་རྫོགས་པའི། །སྙིགས་དུས་གྲྭ་པའི་གཟུགས་ཅན། །ཞ་ཞའི་ལག་ཅན་བདག་ལ། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ཝ་ལེ་ཝལ་ལེར་མི་རྟག །ཡིད་ལ་ཡང་ཡང་དྲན་རུང་། །ཛ་དྲག་ཕྱི་མའི་འདུན་མ། །ལེ་ལོའི་བདུད་ཀྱིས་ཁྱེར་བས། །ཚ་གི་ཚི་གིར་གྱུར་ཏེ། །གཏོལ་མེད་ངང་ལ་གནས་དུས། །ཙ་གེ་ཙིག་གེའི་བྱ་བྲལ། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །མ་འགྲིགས་རང་གིས་ལན་པ། །རང་སྐྱོན་ཡིན་པར་ཤེས་ཀྱང་། །བ་ཉལ་མཛོ་གྲོད་བདག་ལ། །ལས་དབང་འདི་གའི་རྐྱེན་པས། །ཕ་རོལ་ཕ་རོལ་ཕྱིན་པའི། །ཉམས་ལེན་དོན་ལ་འཕོངས་དུས། །པ་ར་མཱརྠའི་དགོངས་ལོན། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ན་ནིང་ནད་ཡམས་དར་དུས། །འཆི་ཆོས་སེམས་ནས་དྲན་ཀྱང་། །ད་ལོ་བདེ་ཞིང་སྐྱིད་དུས། །འཆི་མེད་རྡོ་རྗེར་རློམ་གྱིན། །ཐ་མལ་འཇིག་རྟེན་རང་གའི། །སྣང་བ་འདི་ལ་འཕྱན་དུས། །ཏ་ཐཱ་ག་ཏའི་རྗེས་འབྲང་། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ཉ་ཕག་སྦྲང་རྩི་སོགས་ཀྱི། །སྡིག་ཟས་འདི་ལ་འཇིགས་ཀྱང་། །ཇ་ཡི་བསྙེན་བཀུར་ལ་སོགས། །དཀོར་ནག་བག་མེད་རོལ་གྱིན། །ཆ་མེད་ཡ་མེད་སྤྱོད་པས། །གྲྭ་སའི་གཉེར་མཛོད་སྟོང་དུས། །ཅ་ཅོས་དབེན་པའི་རི་ནས། །གྲོགས་བཟང་ཁྱེད་ཀྱིས་འཕྱས་སོ། །ང་ནི་མཐའ་མེད་འཁོར་བར། །ད་དུང་ཡུན་རིང་ལྷག་ངེས། །ག་ལེར་ཐར་ལམ་ཟིན་པའི། །སྐྱབས་སྨོན་ཐུགས་རྗེ་མ་ཆུང་། །ཁ་སྔོན་དངོས་ཞལ་མཇལ་པ། །ང་རང་བསོད་བདེ་ཆེ་འོ། །ཀ་དག་དགོངས་པའི་ཀློང་ནས། །འབྲལ་མེད་ཐུགས་རྗེས་གཟིགས་རོགས། །ཉག་ཉོག་མང་དྲགས་ན་ཁྱེད་ཀྱི་རྣལ་འབྱོར་ལ་བར་ཆད་དུ་འགྲོ་ངེས་པས། མཐའ་རྟེན་གསོལ་འདེབས་ཀྱི་མཚམས་སྦྱོར་དང་བཅས་འདི་ཙམ་ནས་མཇུག་བསྡུས། ཁྱེད་ཀྱི་ཐུགས་དམ་གོང་འཕེལ་དུ་གྱུར་ཅིག །བཀྲ་ཤིས། ཕྱི་དྲོ་བདེ་ལེགས། 🙏🙏🙏 16 July 2022 18:51:59
No comments:
Post a Comment
༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།