༄༅། །ནམོགུརུཝེ།
མཚན་ཙམ་བཟུང་ཡང་འགྲོ་བའི་སྡུག་བསྔལ་སེལ་བར།།
ཞལ་བཞེས་དམ་བཅའི་བཀའ་བཙན་ཕྱོགས་ཀུན་གྲགས་པའི།།
སྲས་བཅས་རྒྱལ་བ་རྒྱ་མཚོས་བདག་སོགས་འགྲོ་ཀུན།།
དབང་ཕྱོགས་འབྲོག་སར་ཤིང་བྱི་མིག་དམར་ལོ་ཡི།།
དབྱར་གཞུང་ཆར་ཞོད་མོད་པའི་དུས་ཚོད་ཅིག་ལ།།
ང་རང་མི་ཡུལ་འབྱོར་བའི་ས་ཕྱོགས་དེ་ནས།།
ལོ་ལྔར་རྫོང་དྲུག་བརྒལ་པའི་ཆུ་ལྷའི་རི་འདབས།།
གུ་རུས་བྱིན་གྱིས་བརླབས་པའི་སྦས་གནས་དེ་རུ།།
ས་སྦྲུལ་དཀར་པོའི་ལོ་ལ་ཁྱེད་རང་འཁྲུངས་པའི།།
གཏམ་རྒྱུད་བདག་གིས་ཐོས་པའི་དུས་ཚོད་གླེངས་ན།།
ལྷན་འཛོམས་གྱེས་ཕྱག་ཕུལ་བའི་ལོ་མང་རྗེས་རེད།།
གསང་ཆེན་ཐེག་པ་མཆོག་གིས་སྐལ་ལྡན་མ་ལུས།།
ཚེ་གཅིག་རྣམ་པར་གྲོལ་བའི་མན་ངག་ཟབ་མོ།།
མདོ་རྒྱུད་བཤད་དང་སྒྲུབ་པའི་ཉམས་ལེན་འཁྲུལ་མེད།།
ཕྱོགས་ཀུན་དར་ཞིང་རྒྱས་པའི་གླིང་མཆོག་འདི་ན།།
བརྩེ་ལྡན་སྲིང་མོ་རྣམ་གཉིས་ལོ་མང་རྗེས་སུ།།
ཚེགས་མེད་བདེ་བར་འཁོད་པའི་སྤྲོ་སྣང་ཆེ་ཡང་།།
གྲོང་ཁྱེར་ཀཱནྟི་པུར་ན་ཁྱེད་རང་བོར་རྗེས།།
མིག་ཟུང་བསྐམས་པའི་ཡུལ་ན་མཛེས་སྣང་མ་མཆིས།།
འགྲོ་འདུག་གོ་རིམ་འཆོལ་བའི་འཇིག་རྟེན་འདི་ན།།
ལྐོག་གྱུར་ལེགས་ཉེས་འབྱེད་པའི་རྩིས་ཤིག་སྐོར་དུས།།
ལྔ་ཚན་དགུ་ཡི་ལོ་གྲངས་ཧྲིབ་ཀྱིས་བསྟུངས་པའི།།
བབ་འབྲས་སེམས་ལ་འཁོར་ཚེ་སྐྱོ་བས་རྣོང་གི།
རྨད་བྱུང་མཚོ་སྐྱེས་རྒྱལ་བའི་རིང་ལུགས་དྲི་མེད།།
རྣམ་ཀུན་བཤད་དང་སྒྲུབ་པས་ལུང་དང་རྟོགས་པའི།།
དམ་ཆོས་ཐོས་དང་བསམ་པའི་ལས་འཕྲོ་ཅན་པོ།།
མ་བོས་ངང་གིས་འདུས་ཤིང་དགའ་བའི་ཚལ་ན།།
མཐའ་བྲལ་ལྟ་བར་སྨྲ་བའི་དབང་ཕྱུག་ཆེན་པོ།།
ཀླུ་སྒྲུབ་ཡབ་སྲས་བརྒྱུད་པའི་གཞུང་ལུགས་ཟབ་མོར།།
མཚུངས་མེད་བཤེས་གཉེན་དམ་པའི་ལམ་སྟོན་འོག་ནས།།
ཅི་ནུས་ཐོས་བསམ་བྱས་པའི་ལོ་ཟླ་བསམས་ན།།
ཚེ་སྨད་སྤྲོས་བྲལ་ལྟ་བ་མངོན་སུམ་རྟོགས་ཏེ།།
རབ་དགའི་ས་ཆེན་ནོན་པའི་རྟེན་འབྲེལ་ཡོད་ཀྱང་།།
བར་གཅོད་བདུད་སྡེས་བཅོམ་པའི་འཇིག་རྟེན་འདི་ན།།
ད་ནི་ཡོད་དགུ་ཚར་བའི་སྐྱོ་སྣང་གཅིག་པོ།།
ཕར་ཕྱིན་སྤྱོད་པ་རབ་འབྱམས་ཚུལ་བཞིན་སྟོན་པའི།།
ཐོགས་མེད་ཡབ་སྲས་བརྒྱུད་པའི་གཞུང་ལུགས་རྒྱ་ཆེན།།
མཚུངས་མེད་བཤེས་གཉེན་དམ་པའི་སློབ་སྟོན་འོག་ནས།།
ཅི་ཐུབ་ཐོས་བསམ་བྱས་པའི་གྲུབ་འབྲས་བསམས་ན།།
ཚེ་མཇུག་ཕྱིན་དྲུག་སྤྱོད་པའི་ཉམས་ལེན་སྒོ་ནས།།
ས་ལམ་རིམ་གྱིས་བགྲོད་པའི་རྟེན་འབྲེལ་ཡོད་ཀྱང་།།
བར་གཅོད་བདུད་སྡེས་བཅོམ་པའི་འཇིག་རྟེན་འདི་ན།།
ད་ནི་ཡོད་དགུ་ཚར་བའི་སྐྱོ་སྣང་གཅིག་པོ།།
ངེས་གསང་ལེགས་པར་བཤད་པའི་ཐེག་དགུའི་མཛོད་འཆང་།།
པད་འབྱུང་ཡབ་སྲས་བརྒྱུད་པའི་གསང་ཆེན་ཐེག་པར།།
མཚུངས་མེད་བཤེས་གཉེན་དམ་པའི་བཀའ་དྲིན་འོག་ནས།།
ཅི་ལྕོགས་ཐོས་བསམ་བྱས་པའི་སྐལ་བཟང་བསམས་ན།།
ཚེ་མཇུག་བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་གྲུབ་སྟེ།།
གྲུབ་པའི་ས་མཐོར་གཤེགས་པའི་རྟེན་འབྲེལ་ཡོད་ཀྱང་།།
བར་གཅོད་བདུད་སྡེས་བཅོམ་པའི་འཇིག་རྟེན་འདི་ན།།
ད་ནི་ཡོད་དགུ་ཚར་བའི་སྐྱོ་སྣང་གཅིག་པོ།།
ལྕགས་སྦྲུལ་ཁྱུ་མཆོག་ལོ་ལ་༸གྲུབ་པའི་དབང་པོས།།
ལྷན་ཅིག་རྗེས་སུ་བཟུང་བའི་ལོ་མཆོག་དེ་ནས།།
རྣམ་འཕྱང་ས་ཁྱིའི་བར་དུ་བགྲང་བྱ་དགུ་གཉིས།།
མདོ་རྒྱུད་ཐོས་བསམ་བྱས་པའི་སྙིང་རུས་དྲན་ན།།
ཚེ་མཇུག་ལྟ་སྒོམ་སྤྱོད་པའི་ཉམས་ལེན་གྲུབ་སྟེ།།
ཀུན་བཟང་རྒྱལ་སྲིད་ཟིན་པའི་རྟེན་འབྲེལ་ཡོད་ཀྱང་།།
བར་གཅོད་བདུད་སྡེས་བཅོམ་པའི་འཇིག་རྟེན་འདི་ན།།
ད་ནི་ཡོད་དགུ་ཚར་བའི་སྐྱོ་སྣང་གཅིག་པོ།།
ལྕགས་སྟག་རྣམ་འགྱུར་ལོ་རུ་ཤཱནྟ་དེ་ཝའི།།
གསུང་མཆོག་ལེའུ་ཚན་བཅུ་པོའི་གསན་བསམ་དུས་ཀྱི།།
སེམས་མ་བཅུ་ཕྲག་ལྔ་པོའི་ཚོགས་གྲལ་དབུས་ན།།
མ་ལུས་ཆོས་འགོ་ཐོན་པའི་སྨོན་ལམ་བཏབ་ཀྱང་།།
སྤྱིར་ནི་སྙིགས་དུས་རང་རེ་བསོད་ནམས་དམན་ཅིང་།།
ཡང་སྒོས་གློ་བུར་རྟོག་པའི་སླུ་འདྲིད་དབང་གིས།།
ཕུགས་ཀྱི་འདུན་མ་སྒྲུབ་པའི་སྙིང་རུས་བརླགས་པས།།
ཕྱེད་ཙམ་གཞན་དུ་གོལ་བའི་ལྷག་འཕྲོས་ཇི་སྙེད།།
ས་ཁྱི་རྣམ་འཕྱང་ལོ་རུ་ཐོས་བསམ་གྲུབ་ཅིང་།།
ངེས་གསང་ལེགས་པར་བཤད་པའི་གཏེར་མཛོད་འཆང་ལ།།
དབང་བའི་སྐལ་བཟང་གྲལ་ནས་དགེ་རྒན་སྲི་ཞུར།།
ཐེག་དུས་ཁྱེད་ཀྱིས་བཏབ་པའི་སྨོན་ལམ་དྲན་ན།།
སྒྱུ་ལུས་རྐྱེན་ལམ་འཆོར་བའི་སྔ་རོལ་ཞིག་ནའང་།།
རང་རེ་ལྷན་དུ་འཛོམ་པའི་རྟེན་འབྲེལ་ཡོད་མོད།།
དགེ་བྱེད་ཆུ་སྟག་ལོ་ཡི་ཆག་སྒོ་འདི་ནི།།
བདུད་རྒྱལ་ཆེ་རྒུས་བརྩམས་པའི་ཆོ་འཕྲུལ་རེད་བཞག།
ཚེ་སྲོག་དངུལ་དུ་མཐོང་བའི་ལོག་ཤེས་ཅན་པོ།།
གཤེད་མ་འཚོ་བྱེད་གཞོན་ནུའི་རྣམ་པར་བརྫུས་ཏེ།།
མགོན་མེད་ཉམ་ཐག་མང་པོའི་དབུགས་དྲོད་ཉུལ་སར།།
ཁྱེད་རང་སྐྱོབ་པའི་ཐབས་ལ་ང་རེ་བརྡུགས་ཀྱང་།།
རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐུལ་ཅིང་།།
དུས་གསུམ་རྣམ་དཀར་དགེ་རྩ་ཁྱེད་ལ་བསྔོས་ཏེ།།
སྐུ་གསུམ་རྒྱལ་བའི་ཞིང་དུ་མངོན་འཚང་རྒྱ་བར།།
སྒོ་གསུམ་གཅིག་ཏུ་དྲིལ་ནས་སྨོན་ལམ་བཏབ་ཡོད།།
ཁ་སང་འགྲོ་མགོན་ཤཱཀྱའི་གནས་བརྟན་ཆེན་པོས།།
རིགས་བརྒྱའི་དཀྱིལ་འཁོར་དམ་པའི་གཙོ་བོར་བཞེངས་ཏེ།།
འདུས་ཚོགས་སྐལ་ལྡན་འཁོར་ལ་སྒྱུ་འཕྲུལ་དྲྭ་བའི།།
སྨིན་གྲོལ་གདམས་པའི་བཀའ་དྲིན་ཡང་ཡང་སྩལ་སྐབས།།
ཁྱེད་ཀྱང་ལྷན་དུ་ཡོད་པའི་མོས་སྒོམ་བྱས་ཏེ།།
དབང་ལུང་གདམས་པའི་བཀའ་ཁྲིད་རྫོགས་པར་ཞུས་ཤིང་།།
ཚེ་རབས་རྣམ་ཀུན་སླར་ཡང་ཚོམ་བུ་གཅིག་ཏུ།།
ཟབ་དགུའི་གདམས་པར་སྤྱོད་པའི་སྨོན་ལམ་བཏབ་ཡོད།།
ན་ནིང་བཤེས་གཉེན་དམ་པ་གློ་བུར་གཤེགས་པས།།
མྱ་ངན་མིག་ཆུས་བརླན་པའི་སློབ་གླིང་དེ་ནས།།
ཁྱེད་ཀྱིས་བདག་ལ་གླེངས་པའི་ཀུན་ཕན་ལས་རིམ།།
ད་ལྟ་སྒྲུབ་མུས་ཡིན་ན་ཅི་འདྲའི་དགའ་བ།།
ནམ་ཞིག་སྐལ་བར་མཆིས་ན་ཁྱེད་ཀྱི་ལས་འཕྲོ།།
བདག་གིས་མཐའ་འཁྱོལ་བྱ་བའི་སྨོན་ལམ་འདེབས་ཀྱང་།།
གྲངས་མེད་རྐྱེན་རླུང་ཁྲོད་ན་ལྷབ་ལྷུབ་གཡོ་བའི།།
ངེས་མེད་ཚེ་སྒྲོན་འདི་ལ་ཡིད་རྟོན་དཀའ་འོ།།
བདུན་གསུམ་ཉེར་གཅིག་ལོན་པའི་ནམ་སྨད་དུས་སུ།།
ཁྱེད་རང་མཁའ་ལམ་བརྒྱུད་ནས་ཐུག་འཕྲད་ཡོང་སྐོར།།
བདག་ལ་སྐད་འཕྲིན་ཐོག་ནས་གླེང་མོལ་བྱས་པའི།།
གཏམ་དེ་མངོན་སུམ་ཡིན་ན་ཅི་འདྲའི་དགའ་བ།།
ཆུང་ནས་འདྲིས་གཤིབ་ཆེ་བའི་གྲོགས་མོ་མཉམ་དུ།།
ཁྱེད་ཉིད་གམ་དུ་སླེབས་པ་རྨི་ལམ་ཡིན་རུང་།།
ཕན་ཚུན་བྲལ་བའི་རྗེས་ཀྱི་ལྷན་འཛོམས་འདི་ནི།།
གྱེས་དུས་ཁྱེད་ཀྱིས་བཏབ་པའི་སྨོན་འབྲས་ཡིན་ནམ།།
ལོ་འགོར་ཁྱེད་ཀྱིས་བསྐུར་པའི་གནང་སྐྱེས་དེ་དང་།།
དེ་སྔོན་ལག་ཏུ་བཞག་པའི་འབུལ་མཚོན་ཁྲོད་ན།།
ཡིག་ཆུང་མགྱོགས་བྲིས་མ་ཡི་སྨོན་ཚིག་མཐོང་དུས།།
དབང་མེད་ཁྱེད་རང་དྲན་པའི་མྱ་ངན་ལྕི་ཡང་།།
རིང་མིན་རིགས་ཀྱི་བདག་པོའི་ཡང་སྤྲུལ་དམ་པའི།།
མཚན་དཔེ་དངོས་སུ་མཇལ་བའི་གོ་སྐབས་བྱུང་ན།།
འབུལ་མཚོན་ཞབས་དྲུང་ཕུལ་བའི་སྐྱབས་བསྔོ་ལྷན་དུ།།
སེམས་སྡུག་གཏན་དུ་སངས་པའི་སྨོན་ལམ་ཞུས་ཡོང་།།
རྟོགས་ལྡན་པུཎྱེ་ཤྭ་རའི་ཡང་སྤྲུལ་དམ་པས།།
འཁྲུལ་མེད་རྩིས་ལ་བརྟེན་པའི་ལུང་བསྟན་ལྟར་དུ།།
ནང་མི་ཉེ་འབྲེལ་ཀུན་གྱིས་རིམ་གྲོ་བསྒྲུབས་པར།།
དོན་འབྲས་གནད་སྨིན་ཡོང་བའི་སྨོན་ལམ་འདེབས་སོ།།
མུ་མེད་འགྲོ་ཁམས་རྒྱ་མཚོའི་མཐའ་དང་མཉམ་པའི།།
༸རྗེ་བཙུན་འཁོར་ལོའི་མགོན་གྱི་གདུལ་ཞིང་དམ་པར།།
གྲངས་མེད་སྐྱེ་བའི་སྐྱེ་བར་ལྷན་ཅིག་འཚོགས་ཏེ།།
དོན་གཉིས་མཐའ་རུ་ཕྱིན་པའི་སྨོན་ལམ་འདེབས་སོ།།
མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་འོག་ན།།
ཤུལ་ལུས་ཉེ་འབྲེལ་ཀུན་གྱི་མྱ་ངན་སངས་ཤིང་།།
དམ་གཙང་རྡོ་རྗེའི་སྤུན་གྱི་བདེན་ཚིག་གྲུབ་སྟེ།།
ཀུན་ནས་ཀུན་ཏུ་དགེ་བའི་སྨོན་ལམ་འདེབས་སོ།།
མཚོ་བྱུང་རྒྱལ་བའི་བསྟན་པ་བཤད་སྒྲུབ་གཉིས་པོས།།
དར་ཞིང་རྒྱས་པར་མཛད་པའི་གླིང་མཆོག་འདི་ན།།
སླར་ཡང་ལྷན་འཛོམས་ཡོང་བའི་ལས་འཕྲོ་མཆིས་ན།།
རིང་མིན་མྱུར་དུ་མཇལ་བའི་སྨོན་ལམ་འདེབས་སོ།།
ཤུལ་ལུས་དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ།།
བར་གཅོད་བདུད་ཀྱི་འཕྲུལ་ལས་རྣམ་པར་བྱོལ་ལ།།
མཁས་ཚུལ་རྣམ་དགུའི་བྱ་བས་དོན་གཉིས་གྲུབ་སླད།།
གཡེལ་མེད་བརྩོན་པར་མཛོད་ཅེས་གསོལ་བ་འདེབས་སོ།།
གཉིས་འཛིན་འཁྲུལ་སྣང་དྲག་པོའི་ཆོ་འཕྲུལ་མོད་པའི།།
མ་རིག་རྣམ་པར་འཐིབས་པའི་གཉིད་ལས་སད་དེ།།
རང་དབང་ཅི་དགར་སྒྱུར་བའི་དཔལ་ཡོན་དམ་པས།།
མི་ཚེ་དོན་ལྡན་ཡོང་བའི་སྨོན་ལམ་འདེབས་སོ།།
ཐེག་དགུའི་ལྟ་སྒོམ་ཟབ་མོ་མངོན་དུ་གྱུར་ཅིང་།།
ཀུན་ཕན་ཀུན་མཐུན་སྤྱོད་བཟང་མཐའ་རུ་ཕྱིན་ཏེ།།
མཐའ་མེད་འགྲོ་ཁམས་ཤིས་པའི་སྨོན་ལམ་གྲུབ་པས།།
སྐུ་གསུམ་དཔལ་ཡོན་བཀྲ་བའི་དངོས་གྲུབ་ཞུ་འོ།།
སྨོན་རྫོགས་འགྲོ་སྨིན་ཞིང་སྦྱངས་མ་གྲུབ་བར་དུ།།
བདེན་ཚིག་མངོན་པར་གྲུབ་པའི་སྲས་བཅས་རྒྱལ་བས།།
རབ་འབྱམས་ཕྱོགས་བཅུའི་ཞིང་ནས་བདག་ལ་གཟིགས་ཏེ།།
རྣམ་དག་སྨོན་ལམ་འདི་ཡི་མཐུན་འགྱུར་མཛོད་ཅིག།
ཅེས་སྐྱོ་སྣང་གིས་ཐལ་པའི་ལབ་རྡོལ་འདི་ནི་དམ་གཙང་རྡོ་རྗེའི་སྲིང་མོ་ལོ་ན་ཆུང་བའི་དུས་ནས་གློ་བུར་རྐྱེན་དབང་དུ་ཤོར་བའི་ཆག་སྒོའི་མྱ་ངན་གྱིས་ཤས་ཆེར་ནོན་པའི་སྨྲེ་ངག་ཏུ། སྲིང་མོ་འདས་པའི་ཉིན་ཞག་བཅུ་ཕྲག་དགུ་པའི་ཕྱི་ལོ་ཟླ་ཚེས་ ༢༠༢༢-༠༩-༡༨ ལ། རྡོ་རྗེའི་མིང་པོ་འཇིགས་མེད་དཔལ་བཟང་གིས་རང་ལོ་སོ་བརྒྱད་པར་༸རྗེ་བཙུན་གྲུབ་དབང་བླ་མའི་གདན་སར་མྱ་ངན་སངས་ཐབས་སུ་ཡི་གེར་བཀོད་པའོ།། །།
No comments:
Post a Comment
༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།