Sunday, September 25, 2022

ཆུ་ཕོ་སྟག་ལོའི་དབྱར་སྔ་མ་ཟླ་བ་གསུམ་ལེགས་པར་གྲུབ་པའི་མཐའ་རྟེན་གྱི་བསྔོ་སྨོན་ཤིས་བརྗོད།

༄༅༅། །ནམོརཏྣཏྲཡཱཡ། སྒྲིབ་གཉིས་མུན་པའི་སྨག་རུམ་རྣམ་པར་སངས། །མཁྱེན་གཉིས་རྟོགས་པའི་ཡོན་ཏན་ཡོངས་སུ་རྒྱས། །བདུད་བཞིའི་དཔུང་བཅོམ་ཡོན་ཏན་དྲུག་ལྡན་མགོན། །རྣམ་འདྲེན་བཞི་པ་སྟོན་པའི་མཆོག་ཏུ་སྙེན། །མགོན་དེས་འགྲོ་བའི་སྡུག་བསྔལ་སེལ་ཐབས་སུ། །མྱ་ངན་ཀུན་འབྱུང་རྒྱུ་ཡི་གཉེན་པོ་རུ། །གདུལ་བྱའི་ཁམས་དབང་བསམ་པའི་བྱེ་བྲག་ལྟར། །ལེགས་བཤད་ཆོས་ཕུང་སྐྱོབ་པའི་མཆོག་ཏུ་སྟེན། །གང་དེས་བསྟན་པའི་ལམ་བཟང་ཚུལ་བཞིན་དུ། །མ་ནོར་རྟོགས་ཤིང་ཉམས་སུ་བླངས་པའི་མཐུས། །རིག་གྲོལ་གཉིས་ལྡན་ཡོན་ཏན་རྒྱ་མཚོའི་གཏེར། །རྒྱལ་སྲས་འཕགས་ཚོགས་འདྲེན་པའི་མཆོག་ཏུ་བཀུར། །    རྣམ་འདྲེན་རྒྱལ་བ་གཙོ་འཁོར་རྣམ་གསུམ་དང་། །གཏད་རབས་བརྒྱད་དང་ཉི་ཤུ་རྩ་བརྒྱད་དང་། །རྒྱན་དྲུག་མཆོག་གཉིས་གནས་བརྟན་འདུལ་འཛིན་སྡེ། །ཀུན་གྱིས་དེང་འདིར་བདག་ཅག་ཤིས་པར་མཛོད། །ཁྱད་པར་གངས་ཅན་བསྟན་པའི་ཉིན་བྱེད་མཆོག །མཁན་ཆེན་དམ་པ་རྒྱལ་སྲས་ཞི་འཚོ་ནས། །རིགས་ཀྱི་བདག་པོ་༸རྗེ་བཙུན་བླ་མའི་བར། །མཁན་རབས་རིམ་བྱོན་ཀུན་གྱིས་ཐུགས་རྗེས་སྐྱོངས། །སྙིགས་དུས་དུས་ཀྱི་རྒུད་པ་ཆེར་བདོས་ཤིང་། །ཐུན་མོང་འགྲོ་བའི་བསོད་ནམས་ཉམས་དམས་པས། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །ནུབ་པར་ཉེ་དུས་ཐུགས་ཀྱིས་མ་བཟོད་པར། །པཎ་ཆེན་ལྔ་བརྒྱའི་གཙུག་གི་རྒྱན་གཅིག་པུ། །སྙིང་ཐིག་བསྟན་པའི་མངའ་བདག་གྲུབ་པའི་དབང་། །དྲི་མེད་བཤེས་གཉེན་འདུལ་འཛིན་སྐུར་བཞེངས་པ། །རྗེ་བཙུན་དམ་པ་གདན་རབས་བཅུ་གཅིག་པས། །ཀུན་ཕན་ཐུགས་བསྐྱེད་མཁའ་ལྟར་རྒྱ་ཆེ་ཞིང་། །དམ་པའི་མཛད་བཟང་ཉི་ཟླའི་སྣང་བ་བརྒྱས། །ལྔ་བདོའི་མུན་སེལ་ལུང་རྟོགས་བསྟན་པའི་དཔལ། །འཛིན་སྐྱོང་སྤེལ་ཕྱིར་དཀའ་བ་བརྒྱ་ཕྲག་གིས། །ལེགས་པར་བསྐྲུན་པའི་བཤད་སྒྲུབ་བསྟི་གནས་འདིར། །གོང་མའི་ཕྱག་བཞེས་གཞི་གསུམ་ཆོ་གའི་འགྲོས། །ཉམས་མེད་ཚུལ་བཞིན་ཉམས་སུ་བླངས་པ་དང་། །ཡང་སྒོས་ཆུ་སྟག་བགྲང་བྱ་སོ་དྲུག་པར། །དགེ་སློང་བརྒྱ་ཕྲག་གསུམ་དང་བཅུ་ཕྲག་ལྔ། །ཉག་མ་བདུན་དང་གཞན་ཡང་དགེ་ཚུལ་སྡེ། །བརྒྱ་ཕྲག་བདུན་དང་བཅུ་ཕྲག་གཉིས་པོ་ཡིས། །བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ལ། །སྔར་བཞིན་ཚུལ་མཐུན་ཉམས་སུ་བླངས་པའི་དགེས། །སྤྱིར་ན་འཛམ་གླིང་སྐྱེ་འགྲོའི་བསམ་སྦྱོར་ཀུན། །རྣམ་དག་དགེ་བཅུའི་ལམ་དུ་རབ་ཕྱོགས་ཏེ། །ནད་མུག་འཁྲུག་རྩོད་དུས་ཀྱི་རྒུད་པ་ཀུན། །ཡོངས་ཞི་འགྲོ་ཁམས་རྣམ་དཀར་དཔལ་སྤྱོད་ཤོག །སྒོས་སུ་ལུང་རྟོགས་དམ་ཆོས་བཤད་སྒྲུབ་ཀྱིས། །འཛིན་སྐྱོང་སྤེལ་བའི་ཆོས་སྡེ་ཇི་སྙེད་དང་། །ལྷག་པར་ཐེག་མཆོག་རྣམ་གླིང་ཆོས་ཀྱི་སྡེ། །མཁས་ཚུལ་རྣམ་དགུའི་བྱ་བས་ཡོངས་མཛེས་ཤོག །རྣམ་ཀུན་བསྟན་དང་འགྲོ་བའི་མགོན་དཔུང་དུ། །རྣམ་དག་བསྟན་འཛིན་སྐུ་ཚེ་རབ་བརྟན་ཅིང་། །རྣམ་འདྲེན་སྟོན་པའི་རིང་ལུགས་ཕྱོགས་དུས་ཀུན། །རྣམ་པར་དར་བའི་བསྐལ་བཟང་ཡུན་གནས་ཤོག །མཚུངས་མེད་རྗེ་བཙུན་བླ་མས་རྗེས་བཟུང་ཞིང་། །རྣམ་དག་ཐེག་དགུའི་རིང་ལུགས་དྲི་མེད་ལམ། །སྦྱོང་ལ་རབ་བརྩོན་བདག་ཅག་བླ་སློབ་དང་། །རྒྱུ་སྦྱོར་བསྟན་པའི་སྦྱིན་བདག་མ་ལུས་པ། །སྐྱེ་བའི་སྐྱེ་བར་འབྲལ་མེད་ལྷན་ཅིག་ཏུ། །རྣམ་དག་བཟང་པོ་སྤྱོད་པ་རབ་རྫོགས་ཏེ། །མུ་མེད་འགྲོ་ཁམས་སྐྱོང་བའི་བྱེད་པོ་རུ། །བསྐལ་བཟང་རྣམ་འདྲེན་ཀུན་དང་མཚུངས་པར་ཤོག །སྟོན་པའི་མཆོག་གྱུར་སྤངས་རྟོགས་ཡོངས་རྫོགས་མགོན། །སྐྱོབ་པའི་མཆོག་གྱུར་ཆོས་ཕུང་བརྒྱད་ཁྲིའི་གསུང་། །འདྲེན་པའི་མཆོག་གྱུར་རིག་གྲོལ་གཉིས་ལྡན་ཚོགས། །སྐྱབས་ཀྱི་དྭངས་མ་གསུམ་པོའི་བཀྲ་ཤིས་ཤོག །ལུས་ལ་ཆོས་གོས་གསུམ་གྱི་བཀྲ་ཤིས་ཤོག །ངག་ལ་སྡེ་སྣོད་གསུམ་གྱི་བཀྲ་ཤིས་ཤོག །སེམས་ལ་བསླབ་པ་གསུམ་གྱི་བཀྲ་ཤིས་ཤོག །ཀུན་ཏུ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་པའང་སྟོན་པ་རྣམ་འདྲེན་བཞི་པའི་འདས་ལོ་ ༢༥༦༥ བོད་རྒྱལ་ལོ་ ༢༡༤༡ རབ་བྱུང་བཅུ་བདུན་པའི་ཤུ་བྷ་ཀྲྀཏ྄་ཅེས་པ། དགེ་བྱེད་དམ་ཆུ་ཕོ་སྟག་ལོའི་དབྱར་སྔ་མ་ཟླ་བ་གསུམ་ལེགས་པར་གྲུབ་པའི་ཤིས་བརྗོད་ཀྱི་ཚིགས་བཅད་དུ། དཔལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་གི་བཀའི་སྐུལ་མ་སྤྱི་བོར་བླངས་ཏེ། མིང་ཙམ་འཛིན་པའི་དགེ་སློང་ཐུབ་བསྟན་བསམ་གྲུབ་ཟླ་བས་རྒྱལ་བ་གོང་མའི་གསུང་གིས་རྣམ་པར་བརྒྱན་ཏེ་སྤེལ་པ་འདི་བཞིན་འགྲུབ་པར་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་རློབས་ཤིག །སརྦམངྒལཾ།། །།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...