Thursday, March 14, 2019

ཨོ་ཌི་ཤའི་ཡུལ་དུ་འགྲོ་བར་བྲོད་པ་སྐྱེད་པའི་ལེའུ།

༄༅། །ན་མོ་གུ་རུ། མ་ལུས་འགྲོ་ཁམས་ཐུགས་རྗེས་སྐྱོང་བ་ལ། །ཟླ་མེད་གྲུབ་པའི་དབང་ཕྱུག་དྲིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་ཀྱིས། །ཅི་བྱས་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །སྔོན་ཞིག་རྒྱ་གར་ཤར་ཕྱོགས་རྒྱ་མཚོའི་མཐའ། །རྒྱལ་བསྟན་རིན་ཆེན་སྣང་བ་རྒྱས་པའི་ཡུལ། །གྲུབ་མཆོག་གྲངས་མེད་འཇའ་ལུས་དེངས་པའི་ས། །སྐྱེ་མཆོག་ཀུན་གྱི་བསྟི་གནས་བྱིན་རླབས་ཅན། །ཨོ་ཌི་ཤ་འམ་ཨོ་ཌི་ཝི་ཤ་ཞེས། །སྙན་པའི་གྲགས་པ་ཀུན་ཁྱབ་ཡུལ་གྲུ་དེའི། །གཏམ་རྒྱུད་དགོས་པའི་དབང་གིས་ཅུང་ཟད་བྲི། །ཐུགས་ཕན་གསོ་བར་རེ་འོ་ཞིབ་ཀྱིས་ཀློགས།།
    ༈ སྔོན་ཞིག་རྒྱལ་པོ་མྱ་ངན་བྲལ་གྱི་དུས། །ཇི་སྲིད་འཚོ་བའི་བར་དུ་སློང་མོའི་ཚོགས། །འབུམ་ཕྲག་རེ་ལ་ཉིན་བཞིན་ཚིམ་བྱེད་པའི། །བསྟན་པའི་སྦྱིན་བདག་བྲམ་ཟེ་ར་གྷ་པས། །དགྲ་བཅོམ་བསོས་བྱིན་གཙོས་པའི་འཕགས་པའི་ཚོགས། །བརྒྱད་ཁྲི་འདུས་པའི་སྡེ་ལ་ལོ་གསུམ་བར། །དགའ་སྟོན་བསྙེན་བཀུར་ཞུ་ཡུལ་ཨོ་ཌི་ཤ། ༈ དེ་རྗེས་རྒྱལ་པོ་པདྨ་ཆེན་པོའི་དུས། །རྒྱལ་པོ་ཟླ་སྲུང་ཞེས་བྱའི་ཁང་ཁྱིམ་དུ། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །དགེ་སློང་ཚུལ་གྱིས་བྱོན་ཏེ་ཐེག་ཆེན་གྱི། །དམ་ཆོས་ཅི་རིགས་གསུངས་ཤིང་གླེགས་བམ་བཞག །མདོ་ལུགས་པ་ལ་ཤེར་ཕྱིན་བརྒྱད་སྟོང་དང་། །སྔགས་ལུགས་པ་ལ་དེ་ཉིད་བསྡུས་པར་གྲགས། །དེ་བཞིན་གཤེགས་པ་མྱ་ངན་འདས་པའི་འོག །ཐེག་ཆེན་མི་ཡུལ་བྱུང་གནས་ཐོག་མའང་ཡིན།། ༈ འཕགས་མཆོག་ཀླུ་སྒྲུབ་མི་ཡུལ་བཞུགས་པའི་དུས། །རྒྱལ་པོ་མུཉྫ་འཁོར་ཚོགས་སྟོང་དང་བཅས། །གསང་སྔགས་རྡོ་རྗེ་ཐེག་པའི་ལམ་མཆོག་ནས། །ལྷག་མེད་རིག་པ་འཛིན་པའི་ལུས་མཆོག་གྲུབ།། ༈ ཟབ་མོ་ལྟ་བའི་སྲོལ་འབྱེད་དཔལ་མགོན་ཀླུས། །ཞབས་ཀྱི་བཅགས་ཤིང་ལྷ་ཁང་མང་དུ་བཞེངས། །རྒྱལ་བསྟན་རིན་ཆེན་སྣང་བས་ཡོངས་སུ་ཁྱབ། །དེ་རྗེས་སློབ་དཔོན་ཨཱརྻ་དེ་ཝ་ཡི། །དངོས་སློབ་མཆོག་གྱུར་སློབ་དཔོན་མ་ཁོལ་ཡང་། །གནས་འདིར་ཕེབས་ཤིང་བསྟན་པའི་བྱ་བ་མཛད།། ༈ རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་སྐུ་ཚེའི་སྨད། །ཡུལ་འདིའི་ཉེ་ས་རྒྱ་མཚོའི་མཐའ་མཚམས་ཀྱི། །རི་རྩེ་དེ་ན་རིན་ཆེན་རི་བོ་ཡི། །གཙུག་ལག་ཁང་བཞེངས་ཐེག་པ་ཆེ་ཆུང་གི །སྡེ་སྣོད་ཀུན་བཞུགས་ཆོས་གཞི་ཆེན་པོ་བརྒྱད། །བཙུགས་ཤིང་དགེ་སློང་ལྔ་བརྒྱས་བསྟན་པ་སྤེལ། །ཁྱད་པར་དེ་དུས་བྲམ་ཟེ་ཕུར་བུ་ཡིས། །ཨོ་ཌི་ཝི་ཤའི་གྲོང་ཁྱེར་ཀ་ཊ་ཀར། །ལྷ་ཁང་མང་བཞེངས་དགེ་འདུན་དུས་སྟོན་བཙུགས། །བསྟན་པ་རིན་ཆེན་སྲི་ཞུ་ཚད་མེད་མཛད།། ༈ དེ་རྗེས་སློབ་དཔོན་ཆེན་པོ་དབྱིག་གཉེན་ཡང་། །བྲམ་ཟེ་མཀྵི་ཀ་ཡིས་སྤྱན་དྲངས་ཏེ། །ཡུལ་འདིར་བྱོན་ཞིང་ཐེག་ཆེན་དགེ་འདུན་པ། །སྟོང་ཕྲག་བཅུ་གཉིས་ཚོགས་ལ་ཟླ་གསུམ་རིང་། །དུས་སྟོན་བཙུགས་པའི་དགེ་བས་བྲམ་ཟེ་དེའི། །ཁྱིམ་དུ་རིན་ཆེན་རྣམ་ལྔའི་གཏེར་ཁ་བརྡོལ། །ཡུལ་དེའི་བྲམ་ཟེ་ཁྱིམ་བདག་མ་ལུས་དད། །ཆོས་གཞི་བརྒྱ་རྩ་བརྒྱད་པོ་གསར་དུ་བཙུགས།། ༈ དེ་ནས་རྒྱལ་པོ་ཛཱ་ལེ་རུ་ཧའི་བུ། །རྒྱལ་པོ་ནཱ་གེ་ཤ་དང་དེ་ཡི་བློན། །བྲམ་ཟེ་ནཱ་ག་ཀེ་ཤས་ལོ་བདུན་བར། །རྒྱལ་སྲིད་བསྐྱངས་ཤིང་མངའ་ཐང་ཆེ་བའི་དུས། །གྲུབ་ཆེན་ལཱུ་ཧི་པཱ་ཡིས་རྒྱལ་བློན་གཉིས། །རྗེས་སུ་བཟུང་ནས་གདམས་པ་འབོགས་མཛད་པས། །གྲུབ་པའི་སར་གཤེགས་གང་དེའི་མཚན་སྨོས་ན། །རྒྱལ་པོའི་མཚན་ལ་གྲུབ་ཐོབ་དཱ་རི་ཀ །བློན་པོའི་མིང་ལ་གྲུབ་ཐོབ་ཌེཾ་གི་པཱ། །ལོ་རྒྱུས་རྒྱས་པ་གྲུབ་ཆེན་བརྒྱད་ཅུ་ཡི། །རྣམ་ཐར་ཀློགས་ཤིག་བྱིན་རླབས་འཇུག་པར་ངེས།། ༈ དེས་རྗེ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡང་། །བསམ་གཏན་སྒོམ་པའི་དོན་ལ་བརྩོན་མཛད་ནས། །ཨོ་ཌི་ཝི་ཤའི་ཡུལ་དུ་ཡུན་རིང་བཞུགས། །དེ་དུས་འཇམ་དཔལ་དབྱངས་ཀྱིས་དབུགས་ཕྱུང་ལྟར། །ཚད་མ་ཀུན་བཏུས་རྩོམ་པ་མཐར་ཕྱིན་ཅིང་། །རྒྱལ་པོའི་བློན་པོ་བྷ་དྲ་པཱ་ལི་ཏ། །རྗེས་སུ་བཟུང་ཞིང་བསྟན་པའི་འཇུག་སྒོར་དྲངས། །གང་དེས་གཙུག་ལག་ཁང་ཆེན་བཅུ་དྲུག་བཞེངས། །དགེ་འདུན་སྡེ་ཆེན་བཙུགས་ཤིང་ཆོས་གཞི་བཏབ། །རྒྱལ་བསྟན་རིན་ཆེན་དབུ་འཕང་དགུང་དུ་བཏེགས།། ༈ སྤྱན་རས་གཟིགས་དབང་གྲུབ་པའི་སྐྱེས་མཆོག་སྟེ། །སློབ་དཔོན་ཡེ་ཤེས་སྙིང་པོར་གྲགས་པ་ཡི། །མཁས་གྲུབ་དེ་ཡང་ཡུལ་མཆོག་འདི་ན་འཁྲུངས། །བསྟན་འགྲོའི་དོན་ཆེན་མཛད་པ་བླ་ན་མེད།། ༈ དེ་ནས་དུས་ཡུན་རིང་ཞིག་འདས་པ་ན། །ཡུལ་འདིར་མུ་སྟེགས་ཁོ་ན་དར་ཆེ་བས། །རྒྱལ་པོ་དེ་ཝ་པཱ་ལ་ཞེས་བྱ་བས། །མུ་སྟེགས་འཇོམས་ཕྱིར་དམག་ཚོགས་འདྲེན་པ་ན། །ནག་པོ་ཆེན་པོའི་སྤྲུལ་པས་ལུང་བསྟན་ལྟར། །བྱེ་ཕུང་བསལ་བའི་འོག་ནས་རྡོའི་ལྷ་ཁང་། །ཐོན་པ་དེ་ལ་དམག་གིས་མཐའ་བསྐོར་ནས། །རོལ་མོ་ཆེན་པོ་བརྡུངས་པས་མུ་སྟེགས་ཀྱི། །ལྷ་ཁང་ཇི་སྙེད་རང་ཞིག་སོང་བར་གྲགས། །དེ་དུས་དགེ་སློང་འགོག་པར་བཞུགས་པ་ཞིག །ཐོན་ཏེ་རྣམ་འདྲེན་གསུམ་པ་འོད་སྲུང་དང་། །རྒྱལ་པོ་ཀྲྀ་ཀྲྀའི་དུས་ཀྱི་གཏམ་དྲིས་པས། །འདི་ནི་རྣམ་འདྲེན་ཤཱཀྱ་ཐུབ་པ་ཡི། །བསྟན་པ་ཡིན་ཞེས་ལན་དུ་བརྗོད་པ་ན། །དགེ་སློང་དེ་ཉིད་ཆོ་འཕྲུལ་སྣ་ཚོགས་པ། །བསྟན་ནས་མྱ་ངན་འདས་པའི་གཏམ་རྒྱུད་མཆིས།། ༈ དེ་ནས་རྒྱལ་པོ་བི་ར་ཙཱརྻ་ཡིས། །སློབ་དཔོན་ཀུན་དགའ་སྙིང་པོ་ཞེས་བྱ་བ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྲུབ་པ་དེ། །ཨོ་ཌི་ཝི་ཤའི་ཡུལ་འདིར་སྤྱན་དྲངས་ཏེ། །རྒྱལ་པོ་མུཉྫའི་གནས་ཀྱི་ལྷ་ཁང་ན། །དཔལ་མཆོག་དང་པོའི་འགྲེལ་ཆེན་ལ་སོགས་མཛད།། ༈ ནཱ་ལནྡཱ་ཡི་སྒོ་སྲུང་པཎྜི་ཏ། །གནས་བརྟན་བྱང་བཟང་ཞེས་པའང་ཡུལ་འདིར་འཁྲུངས།། ༈ རྒྱ་གར་ཡུལ་དབུས་ཀླ་ཀློའི་དམག་དཔུང་གིས། །གཙུག་ལག་ཁང་བཤིགས་དགེ་འདུན་སྡེ་ཚོགས་གཏོར། །རྒྱལ་བསྟན་འཇིགས་དུས་པཎ་ཆེན་ཤཱཀྱའི་དཔལ། །ཡུལ་འདིར་བྱོན་ནས་ཛ་གརྡ་ལ་རུ། །ལོ་གསུམ་བཞུགས་པའི་རྗེས་སུ་བོད་དུ་བྱོན།། ༈ ཕྱིས་སུ་རྒྱལ་པོ་མུ་ཀུནྡ་དེ་ཝ་ཡིས། །རྒྱ་གར་ཡུལ་དབུས་ཕལ་ཆེར་དབང་བསྒྱུར་ཀྱང་། །མ་ག་དྷ་རུ་ཆོས་གཞི་མ་ཚུགས་ཤིང་། །ཨོ་ཌི་ཝི་ཤའི་ཡུལ་འདིར་སངས་རྒྱས་པའི། །ལྷ་ཁང་བཞེངས་ཏེ་ཆོས་གཞི་འགའ་རེ་བཙུགས། །རྒྱལ་བསྟན་རིན་ཆེན་ཅུང་ཟད་དར་བར་མཛད།། ༈ མདོར་ན་འདི་དག་སྔོན་གྱི་དུས་སྐབས་ན། །སྟོན་པས་ལུང་བསྟན་བསྟན་འཛིན་སྐྱེས་བུ་དང་། །བསྟན་པའི་སྦྱིན་བདག་སྐྱེས་མཆོག་ཇི་སྙེད་པས། །ཞབས་ཀྱིས་བཅགས་ཤིང་འགྲོ་དོན་མཛད་པ་ཡི། །གནས་མཆོག་བྱིན་རླབས་ཆེ་བའི་གཏམ་རྒྱུད་དེ། །རྒྱས་པར་རྗེ་བཙུན་ཏཱ་ར་ནཱ་ཐ་ཡིས། །མཛད་པའི་རྒྱ་གར་ཆོས་འབྱུང་སོགས་སུ་གཟིགས།།
    ༈ དེང་དུས་ཡུལ་འདི་ཚ་བ་ཆེ་དྲགས་ཤིང་། །རྔུལ་ནག་ཐིག་པས་ཉིན་མཚན་བརླན་ན་ཡང་། །སྔོན་བྱོན་སྐྱེས་མཆོག་རྣམས་ཀྱི་རྣམ་ཐར་དང་། །གནས་འདིའི་ཁྱད་ཆོས་ཡིད་ལ་དྲན་བྱས་ཏེ། །རྗེ་བཙུན་བླ་མའི་ཐུགས་བསྐྱེད་གྲིབ་བསིལ་འོག །བསྟན་འགྲོའི་དོན་དུ་སེམས་བསྐྱེད་མི་ཆུང་བར། །དཀའ་སྤྱད་དང་བླངས་ངལ་བ་ཁྱད་གསོད་ཀྱིས། །རྣམ་དག་ལྷག་བསམ་རྒྱུན་སྲིང་གནང་ཐུབ་ན། །བླ་མའི་དགོངས་རྫོགས་ཕ་མའི་དྲིན་ལན་འཁོར། །རང་གི་སྒྲིབ་འདག་སྙིགས་དུས་བསྟན་པ་ལ། །ལྷག་བསམ་མཛད་པའི་དགེ་བ་ཕ་མཐའ་ཡས། །དེ་ཕྱིར་རང་ནུས་ཅི་ལྕོགས་འབད་བརྩོན་གྱིས། །ཆོས་མཐུན་ལས་ནི་གང་ཞིག་མཛད་ན་ཡང་། །ཐོག་མར་སྐྱབས་སེམས་མཇུག་སྡུད་བསྔོ་བས་མཛོད། །བློ་སྟོབས་མ་ཞུམ་གྲུབ་དབང་བླ་མའི་སྲས། །བརྩོན་འགྲུས་མ་གཡེལ་སྙིགས་དུས་བསྟན་འགྲོའི་དོན།། སྤྱི་ལོ་ཟླ་ཚེས་ ༢༠༡༩-༠༤-༡༤ ཉིན་དམ་གཙང་རྡོ་རྗེའི་སྤུན་མཆེད་ཨོ་ཌི་ཤའི་ཡུལ་དུ་དགེ་རྒན་གྱི་བྱ་བར་ཐེག་སྐབས་བྲོད་པ་སྐྱེད་པའི་རྒྱུ་རུ་དམིགས་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨–༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་པའི་ཞིང༌། །རྟག་ཏུ་མི...