༄༅། །ཀུན་ཕན་ཐུགས་བསྐྱེད་མཁའ་མཐར་ཁྱབ་པས་འགྲོ་ཀུན་བརྩེ་བའི་རུམ་དུ་སྙོར་གྱིན།།
ཕ་རོལ་ལེགས་ན་རང་ཉིད་ཕུང་ཡང་རྣམ་ཀུན་དགྱེས་པའི་འཛུམ་མདངས་ངོམ་མཁན།།
ཚེ་རབས་གཏན་གྱི་སྐྱབས་སུ་བསླུ་མེད་༸གྲུབ་དབང་བླ་མ་གཙུག་ཏུ་བསྒོམས་ཏེ།།
རེ་དོན་ཚིག་གསུམ་ཁྱེད་ལ་ཞུ་འོ་རྡོ་རྗེ་སྲིང་ཆུང་བདག་ལ་གསོན་ཅིག།
ཆེ་ཆུང་བྱ་བ་གང་ཞིག་ཡིན་ཡང་དེ་མཚུངས་དཀའ་ངལ་ཤེས་པར་མཛོད་ལ།།
ལྕི་ཡང་འགན་འཁྲི་གང་ཞིག་བབ་ཀྱང་དཀའ་ཚེགས་དྲན་པའི་གཡོལ་ཐབས་སྤོངས་ཤིག།
དུས་ཀྱིས་སྤྲད་པའི་རང་འགན་ཡོད་རྒུ་གོ་སྐབས་ཡིན་ནོ་གཡེལ་མེད་སྒྲུབས་ལ།།
བྱེད་ཀྱིན་ལས་ཀྱིན་ཉམས་མྱོང་གསོག་པས་བློ་སྟོབས་མ་ཞུམ་སྤྲོ་སྣང་སྐྱེད་ཅིག།
ཕར་རེ་ཚུར་བསྐུལ་དོན་དག་གང་ལའང་སྒྲུབ་པའི་དུས་ཡུན་ཚོད་ཐིག་གྱིས་ལ།།
དུས་དང་མཐུན་པའི་ལས་དོན་མ་ལུས་ཐབས་ཤེས་ཡོད་རྒུས་ཞིབ་ཚགས་མཛོད་ཅིག།
གློ་བུར་བབས་པའི་ལས་འགན་མང་དུས་སེམས་པ་ལྷོད་དེ་འཚབ་སྣང་སྤོངས་ལ།།
དུས་ལ་དཔགས་པའི་བྱ་བ་གང་སྒྲུབ་བྲེལ་འཚུབ་མེད་པར་ལྷོད་ཀྱིས་སྒྲུབས་ཤིག།
སྒེར་ལས་འདི་ལས་སྤྱི་དོན་གཙོ་བོར་རྣམ་ཀུན་སེམས་ལ་ཉར་རྐྱང་གྱིས་ལ།།
སྤྱི་སྒེར་གཉིས་ཀྱི་དོན་ལ་ཐུག་ན་རང་དོན་ཟེར་བ་གཡུག་རྐྱང་བྱོས་ཤིག།
ཆེ་ཆུང་བྱ་བ་གང་ཞིག་བསྒྲུབས་ཀྱང་རྣམ་དག་ལྷག་བསམ་ཡོད་པ་གྱིས་ལ།།
ལས་དོན་སྒྲུབ་པའི་དུས་ཡུན་བར་ནས་སྡུག་ཡུས་གླེང་གཤིས་འདོར་རྐྱང་གནོངས་ཤིག།
ཁྱད་པར་སྤྱི་དོན་གང་ཞིག་བསྒྲུབས་ཀྱང་འཐུས་ཤོར་མེད་པར་ཨེ་ཐུབ་གྱིས་ལ།།
གཞན་ལ་ཕན་ན་རང་དོན་འགྲུབ་པས་བརྩི་མཐོང་ངོ་སོ་གཡུག་རྐྱང་བྱོས་ཤིག།
སྤྱི་ཚོགས་ནང་གི་ལས་རིམ་ཁྲོད་ནས་སྐྱིད་སྡུག་བཟང་ངན་གང་ཞིག་བྱུང་ཡང་།།
སྡུག་རུས་བཟོད་བསྲན་ཆེ་བར་མཛོད་ལ་རྗེ་བཙུན་བླ་མའི་ཞབས་ཏོག་སོམས་ཤིག།
རང་ལས་གཞན་གཅེས་བསམ་བློ་མེད་ཀྱང་རང་ཆེད་གཞན་གནོད་ཅིས་ཀྱང་སྤོངས་ལ།།
སྒེར་དོན་སྒྲུབ་པའི་དུས་ཡུན་བར་ནའང་གཞན་ཕན་བསམ་བློ་མ་བརྗེད་གནོངས་ཤིག།
རང་གཞན་བྱ་བ་གང་ཞིག་སྒྲུབ་ནའང་ཐབས་ཤེས་ཡོད་རྒུ་རྩལ་འདོན་གྱིས་ལ།།
བརྩམས་པའི་ལས་དོན་གང་ཞིག་ཡིན་ཡང་ངང་རྒྱུད་རིང་པོས་མཇུག་འཁྱོངས་མཛོད་ཅིག།
ཤེས་བྱ་ཡོན་ཏན་གང་ཞིག་ཡིན་ཡང་གུས་རྟག་བརྩོན་པས་སྦྱོང་རྐྱང་གྱིས་ལ།།
མ་ཤེས་བར་དུ་ཐབས་ཤེས་ཡོད་རྒུས་ཤེས་པའི་ཐབས་ལ་འབད་རྐྱང་གནོངས་ཤིག།
རང་གིས་གང་ཤེས་འདྲི་མཁན་ཡོད་ན་དཔེ་མཁྱུད་མ་བྱེད་སློབ་རྐྱང་གྱིས་ལ།།
མཁས་རློམ་མ་བྱེད་མ་ཤེས་ཡོད་ན་ཤེས་མཁན་ཀུན་ལ་འདྲི་རྐྱང་མཛོད་ཅིག།
སྒོར་དང་གོ་སའི་འཐབ་རྩོད་ཕྱོགས་སུ་མི་ཚེ་གྲོན་པ་སྤོང་རྐྱང་གྱིས་ལ།།
ཡུན་ཐུང་ཚེ་ཡི་ཚེ་ཚད་སེམས་ཀྱིན་དོན་གཉིས་སྒྲུབ་ལ་འབད་རྐྱང་གནོངས་ཤིག།
འཚོ་རྟེན་ཆེད་དུ་སྒོར་མོ་དགོས་ཀྱང་མི་ཚེ་དངུལ་དོན་འཛད་རྒྱུ་དོར་ལ།།
ཡོད་པའི་རྒྱུ་ལ་སེར་སྣ་མེད་ཀྱང་བག་མེད་ལོངས་སྤྱོད་སྤོང་རྐྱང་མཛོད་ཅིག།
གསོག་འཇོག་ཅེས་པ་ཚད་མེད་མ་གྱིས་སེར་སྣ་སྐྱེ་བའི་རྒྱུ་རུ་འགྲོ་བས།།
འདོད་ཆུང་ཆོག་ཤེས་རྒྱུད་ལ་སྟེན་ཅེས་དམ་པ་གོང་མས་གདམས་པ་སོམས་ལ།།
དགོས་དུས་མཁོ་བའི་སྟ་གོན་མ་ཆུང་དཀའ་ཚེགས་ཁྲོད་དུ་ཉེར་མཁོ་ཆེ་བས།།
སྡུག་དུས་སྤྱད་རྒྱུའི་རྒྱུ་གྲོན་དགོས་སོ་ཡོད་པའི་རྒྱུ་ལ་བསྲི་ཚགས་མཛོད་ཅིག།
རང་སྐྱོན་ཡོད་པ་གཞན་གྱིས་གླེངས་ན་རྒོལ་གཏམ་མ་བྱེད་དང་ལེན་གྱིས་ལ།།
གཞན་སྐྱོན་རང་གིས་གླེང་དགོས་ཡོད་ན་ཁྱད་སོད་མ་ཡིན་ཕན་པས་ཤོད་ཅིག།
གཞི་མེད་གཞན་གྱིས་སྙོན་འཛུགས་བྱས་ན་རྣ་བ་བཀབ་ཏེ་སྣང་མེད་གཡུགས་ལ།།
རྩེད་མཚར་ཡིན་ཡང་སྒྲོ་སྐུར་ཟེར་བ་སུ་དང་གང་ལའང་སྤོང་རྐྱང་གྱིས་ཤིག།
འདོད་པའི་རླབས་ཕྲེང་ཇི་ཙམ་གཡོས་ཀྱང་གཞན་རྒྱུད་སྐྱོམ་པའི་སྦྱོར་བ་མ་རྩོམ།།
ཞེ་སྡང་མེ་ལྕེ་མཁའ་རུ་མཆེད་ཀྱང་བསོད་ནམས་སྲེག་པའི་བྱ་བ་མ་གྱིས།།
གཏི་མུག་མུན་ནག་ཇི་ཙམ་འཐིབས་ཀྱང་དགེ་སྦྱོར་སྒྲོན་མེ་རྣམ་ཀུན་སྤོར་ལ།།
ང་རྒྱལ་ཕྲག་དོག་རི་ལྟར་མཐོ་ཡང་ཕ་རོལ་འཇོམས་པའི་རྦབ་རྡོ་མ་སྒྲིལ།།
རང་སེམས་རང་གིས་དཔང་དུ་བཙུགས་ཏེ་སྒོ་གསུམ་བྱ་བ་གང་ཞིག་བྱས་ཀྱང་།།
ཡུན་ཐུང་ཚེ་ཡི་མཐའ་མཇུག་དེ་ན་འགྱོད་པ་མེད་པའི་ཐབས་ལ་བརྩོན་ཅིག།
མི་ཡི་ཚེ་ཚད་ཇི་ཙམ་རིང་ཡང་ད་ནས་ལོ་བརྒྱའི་ནང་རོལ་ཞིག་ན།།
དེ་རིང་སྐྱེས་པའི་བྱིས་པ་ཡིན་ཡང་ལྷག་མེད་འགྲོ་བའི་གནས་ལུགས་སོམས་ཤིག།
ཚེ་རབས་སྔོན་བསགས་དཀར་པོའི་མཐུ་ལས་ད་རེ་༸གྲུབ་དབང་བླ་མའི་ཞལ་རས།།
ལྷན་དུ་མཇལ་བའི་སྐལ་བཟང་ཐོབ་ཅིང་ཟབ་གསང་གདམས་པའི་དཔལ་ལ་དབང་བས།།
བྱང་ཆུབ་བར་དུ་འབྲལ་མེད་འགྲོག་པའི་རྡོ་རྗེའི་སྨོན་མདུད་བརྒྱ་ཡིས་བཅིངས་པ།།
དམ་གཙང་རྡོ་རྗེའི་སྤུན་ཆུང་ཁྱེད་དང་ཚེ་རབས་ཀུན་ཏུ་འབྲལ་མེད་སྨོན་ནོ།།
དཔལ་ལྡན་བླ་མར་གསོལ་བ་འདེབས་སོ་བརྒྱུད་གསུམ་བླ་མའི་བྱིན་རླབས་སྩོལ་ཅིག།
ཡི་དམ་ཞི་ཁྲོའི་ཐུགས་རྒྱུད་སྐུལ་ལོ་དངོས་གྲུབ་སྦྲང་ཆར་ཁྱེད་ལ་ཕོབས་ཤིག།
མཁའ་འགྲོ་རྒྱ་མཚོར་ཕྲིན་ལས་འཆོལ་ལོ་ཆོས་བཞིན་འགྲུབ་པའི་མཐུན་འགྱུར་མཛོད་ཅིག།
རྩ་གསུམ་རྒྱ་མཚོས་ཚེ་རབས་ཀུན་ཏུ་འབྲལ་མེད་ཁྱེད་ལ་རྟག་ཏུ་སྲུངས་ཤིག།
ཅེས་པ་འདི་ནི་༸རྗེ་བཙུན་གྲུབ་དབང་བླ་མས་ལྷན་ཅིག་ཏུ་བསྐྱངས་པའི་དམ་གཙང་རྡོ་རྗེའི་སྤུན་མཆེད་སྲིང་མོ་ཤེར་ཆུང་གིས་བཀས་བསྐུལ་ངོར། སྤྱི་ལོ་ཟླ་ཚེས་ ༢༠༡༦-༠༡-༢༠ ཉིན་རྡོ་རྗེའི་མིང་པོ་ཤར་ཕྲུག་ཚེ་དབང་རིག་འཛིན་པས་གནས་མཆོག་རྡོ་རྗེ་གདན་དུ་བཀོད་ཅིང་དྲན་རྟེན་དུ་ཕུལ་བ་དགེའོ།། །།
No comments:
Post a Comment
༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།