Thursday, January 9, 2014

བྱམས་བརྩེ་མ།

༄༅། །རིག་རིག་མིག་གིས་མངོན་པ་ཐོག་མ་ཐོག་མ།།
སྙན་སྙན་གཅེས་མིང་འཚེར་མེད་ཐད་ཀར་ཐད་ཀར།།
འཛེམས་མེད་ཁྱེད་ལ་དྲིས་པའི་ཉིན་མོ་དེ་ཀོ།
པར་སྐྲུན་འཕྲུལ་ཁང་དེ་ཡི་ནང་ལོགས་རེད་ཡ།།

གཡོ་མེད་དྲང་གཏམ་ལྷད་མེད་འཛུམ་གྱིས་དྲངས་ཏེ།།
ཐོག་མའི་གླེང་མོལ་བྱུང་བའི་ཉིན་མོ་དེ་ན།།
བདག་གིས་བྲིས་པའི་འཁྱག་འཁྱོག་ཡི་གེའི་གཟུགས་ལ།།
བསྟོད་པའི་འདྲེན་བྱེད་གཡོ་མཁན་ཁྱེད་རང་རེད་ཡ།།

ཁྱེད་ཀྱིས་ང་དང་ཕྲད་པའི་ཉིན་མོ་དེ་ན།།
ང་ཡི་གནས་ཚུལ་དྲིས་པའི་ལན་འདེབས་ཁྲོད་ནས།།
ང་རང་སློབ་ཕྲུག་ཅིག་གི་ཡིན་རབས་བརྗོད་དུས།།
དོགས་མེད་བདེན་གཏམ་འཛིན་མཁན་ཁྱེད་རང་རེད་ཡ།།

འགྲམ་དུ་པར་འདེབས་གྲོགས་ཀྱིས་བགད་མོ་དགོད་ཀྱིན།།
ད་ལོ་ཁྱེད་ཅག་རྣམས་ཀྱི་དགེ་རྒན་ཡིན་ཞེས།།
བདག་གི་ངོ་སྤྲོད་ཐོག་མ་ཁྱེད་ལ་བྱེད་སྐབས།།
ངོ་ཚས་ཞལ་མདོག་གྱུར་བ་ཁྱེད་རང་རེད་ཡ།།

ཁ་གསངས་གཤིབ་ལ་བདེ་བའི་ངང་ཚུལ་དེ་དང་།།
ལྕེ་བདེ་སྨྲ་ལ་མཁས་པའི་གཤིས་ཀ་གཉིས་ལ།།
ལྷད་མེད་ཕྲུ་གུ་ཞིག་གི་བག་ཆགས་ཟབ་པ།།
བདག་གིས་ཁྱེད་ལ་མཐོང་བའི་ཡོན་ཏན་རེད་ཡ།།

མཛེས་སྡུག་སློབ་གླིང་དེ་ན་ཐོག་མ་འབྱོར་དུས།།
རྒྱལ་སྒོ་ཆུང་ཆུང་དེ་ཡི་མདུན་ཟུར་ཞིག་ནས།།
ཕན་ཚུན་འདྲིས་བཤིབས་ཆེ་བའི་ངང་ཚུལ་ལྷན་དུ།།
ཐོག་མའི་སྣེ་ལེན་བྱེད་པོ་ཁྱེད་རང་རེད་ཡ།།

བདག་གིས་མི་ཚེའི་ནང་གི་འགན་འཁྲི་ཐོག་མ།།
གཡེལ་མེད་དགེ་རྒན་ཞིག་གི་སྲི་ཞུ་སྒྲུབ་དུས།།
ཉམ་ཆུང་དགེ་ཕྲུག་ཅིག་གི་ས་ཆ་དེ་ནས།།
བློ་རིག་རྣམ་དཔྱོད་བཀྲ་བ་ཁྱེད་རང་རེད་ཡ།།

འདྲིས་ཀྱིན་འདྲིས་ཀྱིན་ཕན་ཚུན་བརྩི་བཀུར་ཆེ་ཆེ།།
གཤིབ་ཀྱིན་གཤིབ་ཀྱིན་ཕན་ཚུན་ཡིད་ཆེས་བརྟན་བརྟན།།
འགྲོག་གིན་འགྲོག་གིན་ཕན་ཚུན་དུང་བ་ཟབ་ཟབ།།
ང་ཡི་ལས་ལ་བསྐོས་པའི་སྲིང་མོ་རེད་ཡ།།

ངེས་མེད་མི་ཚེ་འདི་ཡི་ཀྱོག་མཚམས་རེ་རེར།།
རྒྱུས་མེད་སྐྱིད་སྡུག་ཅིག་གི་གཏམ་རྒྱུད་རིང་མོ།།
གསང་མེད་ལབ་གླེང་བྱེད་སའི་གྲོགས་མོ་ལོ་ལོ།།
མི་ཚེ་ཐུང་ཐུང་འདི་ཡི་སྐྱོ་རོགས་རེ་ཡ།།

མི་འདོད་ནད་རིགས་ཤིག་གིས་བདག་ལ་གཙེས་དུས།།
བཟོད་མེད་སེམས་ཁྲལ་ཞིག་གིས་གམ་དུ་ལྷགས་ཏེ།།
ལུས་སེམས་ལྷོད་ལ་འབེབས་པའི་སྨན་པ་ཆེན་མོ།།
བདག་ལ་སྙིང་ནས་བརྩེ་བའི་གཅུང་མོ་རེད་ཡ།།

སེམས་པ་སྡུག་གིས་མནར་བའི་དཀའ་ཚེགས་ཡོད་རྒུ།།
སྙིང་གཏམ་དབྱངས་སུ་གྱེར་པའི་གླུ་སྐད་སྙན་མོས།།
བློ་ཁམས་བདེ་ལ་འདྲེན་པའི་གྲོགས་མོ་ཆུང་ཆུང་།།
འབྲལ་མེད་སེམས་ལ་སྦྱར་པའི་སྙིང་སྡུག་རེད་ཡ།།

དམར་ཆུང་སེམས་པ་གཉིས་པོ་གཅིག་དུ་དྲིལ་བའི།།
ཕན་ཚུན་བརྩེ་བའི་དུང་བ་ཇེ་ཟབ་ཡིན་ཡང་།།
ཉི་མ་རེ་རེ་བཞིན་དུ་ཕར་ལ་བཞུད་ཀྱིན།།
འདི་སྣང་ཁ་བྲལ་སྐྱོ་བའང་ཇེ་ཉེ་རེད་ཡ།། སྤྱི་ལོ་ཟླ་ཚེས་ ༢༠༡༤-༠༡-༠༩ ཉིན།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...