Tuesday, July 23, 2013

བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།

༄༅། །སྟོན་རླུང་བསིལ་བསེར་ཕྱོགས་མེད་ལྡང་ཞིང་རྐང་འཐུང་ལོ་འདབ་ཆར་དུ་འབེབས་པའི།།
གསེར་ལྡན་དུས་ཀྱི་རི་སྤང་མཚམས་ན་དྲི་བཞོན་རླུང་གི་ཤུར་སྒྲ་ལྷན་དུ།།
འཇིག་རྟེན་འདི་ཡི་ལྷིང་འཇགས་དཀྲོག་པའི་ངུ་སྐད་ཐོག་མ་ཁྱེད་ཀྱིས་སྒྲོག་སྐབས།།
དྲིན་ཅན་ཕ་མ་འཛུམ་གྱིས་ཁེངས་ཡོད་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།


ཉིན་ཞག་ཟླ་བའི་འགྲོས་དང་ལྷན་དུ་གོམ་པའི་འདེགས་འཇོག་ངང་གིས་གོམས་ཤིང་།།
བྱམས་བརྩེ་ཨ་མའི་གླེང་མོལ་ཁྲོད་ནས་ཕ་སྐད་གཙང་མའི་བཤད་སྒྲོས་དག་པོ།།
ཟླ་དྲུག་བྱིས་པའི་བློ་ལ་ཆུབ་ཏེ་བསམ་བློའི་འཁོར་ཕྱོགས་ཕ་དང་མཉམ་དུས།།
ནང་མི་ཁྱིམ་མཚེས་ཡ་མཚན་གླེང་ས་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

ནད་ཡམས་ཤིག་གིས་མནར་གཅོད་འོག་ནས་ཤི་མ་གསོན་གྱི་མཚམས་ལ་སླེབས་དུས།།
རང་སེམས་འཁྲུལ་པའི་སྨྱོས་གཏམ་གླེང་གིན་ཉལ་ཁྲིའི་སྟེང་དུ་ཉིན་མཚན་འགྱེལ་པའི།།
ན་ཚ་ཐུ་བའི་ཨ་ཇོའི་འགྲམ་ནས་དྲིན་ཅན་ཨ་མའི་བཀའ་བཀྱོན་ལྕི་ཡང་།།
ནད་གཡོག་རྒྱུག་ལ་ཨུ་ཚུགས་ཚ་བའི་ཟླ་དགུའི་སྲིང་མོ་བདེ་ཆེན་རྒྱལ་མོ།།

སྤུན་མཆེད་ཕལ་ཆེར་འགོ་ནད་ཁྲོད་ནས་གཅིག་རྗེས་གཉིས་ཀྱིས་མལ་དུ་ལྷུང་ཞིང་།།
དྲིན་ཅན་ཕ་མ་སེམས་འཚབ་ཀློང་ནས་སྙིང་གི་འཕར་ཚད་དགུང་དུ་འཕྱོ་སྐབས།།
བྱམས་ལྡན་ཨ་མས་བྲེལ་འཚུབ་ཐོག་ནས་ཁྱེད་ཉིད་ང་ལས་རྒྱང་རིང་འཁྲིད་དུས།།
བདག་ལ་འཁྲེན་པའི་མིག་ཆུ་གཏོང་མཁན་ང་ཡི་སྲིང་ཆུང་བདེ་ཆེན་རྒྱལ་མོ།།

བཟོད་མེད་ནད་ཀྱིས་ཡུན་རིང་གཙེས་ཏེ་རུས་ལྤགས་འབྱར་བའི་ཨ་ཇོ་ཀེང་རུས།།
ངེས་མེད་འཆི་བདག་ཁ་ནས་ཐར་ཏེ་མལ་ནས་ལང་བའི་སྐལ་བཟང་ཤར་ཡང་།།
ཁྱེད་རང་གཤིན་རྗེས་འབེན་དུ་བཟུང་བའི་བཟོད་མེད་གཏམ་ངན་རྣ་བར་ལྷུང་དུས།།
མིག་ཆུའི་ཀློང་ནས་ཁྱེད་ལ་བོས་ཡོད་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

སེམས་པ་སྟོང་པའི་ཚོར་སྣང་ཞིག་གིས་འཁྱར་མ་འཁྱོར་གྱི་གོམས་འགྲོས་འདོར་གྱིན།།
ཁྱེད་ཉིད་འབྲལ་མེད་སེམས་ལ་འཁོར་བཞིན་རང་ཉིད་སྡོད་སའི་དགོན་དུ་སླེབས་ཏེ།།
རྩ་གསུམ་རྒྱལ་བའི་ཐུགས་རྒྱུད་བསྐུལ་ནས་ཁྱེད་ལ་སྐྱོབ་པའི་གསོལ་འདེབས་ཞུས་ཀྱང་།།
རྨི་ལམ་འཁྲུགས་པའི་ཆོ་འཕྲུལ་ཙམ་ཡང་ཟློག་ཐབས་མི་འདུག་བདེ་ཆེན་རྒྱལ་མོ།།

ནམ་སྟོད་སྒོ་ནས་འབོད་སྐད་རྒྱག་དུས་འཇིགས་སུ་རུང་བའི་རྨི་ལམ་བོར་རུང་།།
ཧར་གྱིས་ལངས་ནས་ཕྱི་ལ་འཐོན་དུས་ཨ་ཕའི་གྲེ་བ་མིག་ཆུས་རྣོང་གིན།།
ཁྱེད་དང་བྲལ་བའི་སྐྱོ་གཏམ་གླེངས་ཏེ་འགོག་མེད་མཆི་མས་བྲང་ཁོག་བརླན་ཚུལ།།
ད་ལྟ་དྲན་ཀྱང་མིག་ཆུ་འཆོར་གྱི་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

སྐྱ་རེངས་བུ་མོས་ཉི་གཞོན་བསུས་ཏེ་ཕྱི་ཡི་འཇིག་རྟེན་སྣང་བས་ཁྱབ་ཀྱང་།།
སྙིང་གི་ཉི་མ་ཁྱེད་རང་བཞུད་རྗེས་གང་དུ་བལྟས་ཀྱང་སྐྱོ་བའི་སྨག་རུམ།།
ཕྱོགས་མེད་འཁྲིགས་པའི་མུན་ནག་ཁྲོད་ནས་བརྩེ་ལྡན་བླ་མ་གདན་འདྲེན་ཞུས་ཤིང་།།
ཁྱེད་ཉིད་བོར་བའི་ཤུལ་དུ་སླེབས་ཡོད་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

ཡོད་ཚད་ཚར་བའི་རྗེས་ཤུལ་དེ་ན་ཕུང་པོ་སྐམ་རིད་སྐྲ་ལོ་གཟེངས་ཤིང་།།
ཁྲ་ཆུང་མིག་ཟུང་བཙན་གྱིས་བཙུམས་ཏེ་སྨིན་མཚམས་གཉེར་མས་གང་ལུགས་བལྟས་ན།།
བཟོད་མེད་ནད་ཀྱི་མནར་གཅོད་འོག་ནས་ཁྱེད་ཀྱིས་བདག་ལ་ཡུན་རིང་བསྒུགས་ཀྱང་།།
བརྩེ་ལྡན་སྲིང་མོའི་ཨ་ཇོ་ཀླད་མེད་ཕྱིར་འགྱངས་ཤོར་འདུག་བདེ་ཆེན་རྒྱལ་མོ།།

ཆར་ཞོད་མོད་པའི་དབྱར་གཞུང་དེ་ན་ཆར་རླུང་འདྲེས་མའི་འབབ་རྒྱུན་ཆད་མེད།།
ཁྱེད་ཀྱིས་གཡུགས་པའི་ཨ་ཇོ་བདག་དང་དྲིན་ཅན་ཕ་མའི་ངུ་རོགས་ཡིན་ནམ།།

གནམ་ས་ལྡིར་བའི་འབྲུག་སྐད་དེ་ཡང་ཁྱེད་རང་བོར་བའི་སྡུག་ཡུས་འདྲེན་གྱིན།།
ཆོ་ངེ་འདེབས་པའི་ངང་ཚུལ་ཨེ་ཡིན་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

མཚུངས་མེད་བླ་མས་ཐོས་གྲོལ་གྱེར་བའི་བྱིན་ལྡན་གསུང་དབྱངས་ལྷང་ལྷང་བསྒྲགས་རྗེས།།
ངེས་མེད་བར་དོའི་འཕྲང་ལམ་རིང་མོར་ཁྱེད་ཉིད་ལྟོགས་པའི་སེམས་ཁྲལ་ངང་ནས།།
བྱམས་ལྡན་ཨ་མས་ཁྱེད་ལ་བསྔོས་པའི་ཟས་རིགས་སྣ་རྒུ་བསུར་དུ་དྲངས་པ།།
བཀྲེས་སྐོམ་སེལ་བའི་སྨན་དུ་ཨེ་གྱུར་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

འཇིག་རྟེན་ཕྱི་མའི་ལམ་འཕྲང་དེ་ན་ཁྱེད་ལ་འཕྲད་པའི་དཀའ་སྡུག་ཡོད་རྒུ།།
ཚུར་མཐོང་དབང་པོའི་སྤྱོད་ཡུལ་མིན་རུང་གཟུགས་མེད་སེམས་ཀྱི་ཚོར་སྣང་ཞིག་གིས།།
ཡི་གེ་དྲུག་མའི་གསོལ་འདེབས་གྲངས་མེད་གྲུ་འཛིན་མགོན་གྱི་སྙན་དུ་གསོལ་ཀྱང་།།
ཁྱེད་ལ་འདྲེན་པའི་ཐུགས་རྗེས་ཨེ་གཟིགས་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

མྱ་ངན་མུན་པའི་སྤྲིན་རུམ་ཀློང་ནས་མིག་ཆུའི་ཆར་རྒྱུན་མ་ཆད་སྔོན་ལ།།
འཇིག་རྟེན་ཕྱི་མའི་ཡུལ་གྲུ་དེ་ནས་བརྩེ་ལྡན་ཕ་མའི་བརྩེ་བ་དྲན་པས།།
དྲིན་ཅན་ཨ་ཕའི་པང་དུ་སླེབས་ཏེ་ཅི་ཞིག་གླེང་བའི་བར་མཚམས་དེ་ནས།།
ཁྱེད་ཀྱིས་བདག་ལའང་ཐུག་འཕྲད་བྱེད་པ་སྙིང་ནས་བརྗེད་དམ་བདེ་ཆེན་རྒྱལ་མོ།།

ཤི་གསོན་ཐུག་པའི་རྨད་བྱུང་གཏམ་རྒྱུད་མྱ་ངན་མིག་ཆུས་ཡང་ཡང་རྣོང་གིན།།
བྱམས་ལྡན་ཨ་ཕས་བདག་ལ་བཤད་པས་ཁྱེད་རང་སྡུག་པའི་སེམས་ཁྲལ་ཀློང་ནས།།
རིགས་བརྒྱ་དམ་པའི་དཀྱིལ་འཁོར་བསྙེན་ཏེ་ཡོད་རྒུའི་དགེ་རྩ་གྲོགས་སུ་བརྫངས་ཀྱང་།།
ཁྱེད་ལ་ཕན་པའི་མགོན་དུ་ཨེ་གྱུར་བདག་གི་སྲིང་ཆུང་བདེ་ཆེན་རྒྱལ་མོ།།

དྲིན་ཅན་ཕ་མས་ཁྱེད་རང་བོར་རྗེས་བཟོད་མེད་སེམས་ཀྱི་འཁོན་འཛིན་ཞིག་གིས།།
ལོ་ནག་དེ་ཡི་དགུན་གཞུང་ཁྲོད་དུ་སྐྱ་མདོག་ངོམ་པའི་ཕ་ཡུལ་གཡུགས་ནས།།
ང་རང་ཁྱེད་རྗེས་སྙེག་ཐབས་མེད་ཀྱང་ཁེར་རྐྱང་ལུས་པའི་ཚོར་སྣང་དྲགས་པོས།།
རྒྱུས་མེད་ས་མཐར་འགྲིམས་ནས་བསྡད་ཡོད་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།


བྱིན་ལྡན་གནས་མཆོག་མང་པོ་ཞིག་ནས་ཁྱེད་རང་བདེ་བའི་སྨོན་ལམ་རྒྱག་གིན།།
སྐྱབས་གནས་དམ་པ་མང་པོའི་དྲུང་ནས་ཁྱེད་ལ་སྐྱོབ་པའི་གསོལ་བ་འདེབས་ཀྱིན།།
ཉིན་ནས་ཉིན་དུ་རྒྱང་ལ་བཞུར་བའི་དུས་ཚོད་ཅིག་གི་བརྒྱུད་རིམ་ཁྲོད་ནས།།
ཁྱེད་དང་ཉེ་བའི་གོ་སྐབས་བསྒུགས་ཡོད་བདག་གི་སྲིང་མོ་བདེ་ཆེན་རྒྱལ་མོ།།

སྲིང་མོ་བདེ་ཆེན་རྒྱལ་མོས་འཇིག་རྟེན་ཕ་རོལ་ཏུ་འགྲིམས་ཏེ་ལོ་ངོ་བཅུ་བཞི་འཁོར་རྗེས་མི་ཡུལ་གྱི་ས་མཐའ་ནས་མིང་པོ་ཚེ་དབང་རིག་འཛིན་དུ་འབོད་པས་ཕྱི་ལོ་ཟླ་ཚེས་ ༢༠༡༣-༠༧-༢༣ ཉིན་རྗེས་དྲན་དུ་ཐལ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...