Friday, June 19, 2015

ཐོ་བ།

༄༅། །སྤྱི་དོན་སྒེར་ཐོག་བབས་པའི་དཀའ་ཚེགས་ཁྲོད་ནས།།
ངང་རིང་ཚུགས་ཀ་བརྟན་པའི་གཤིས་རྒྱུད་ཅན་པོ།།
བློ་མཐུན་རྒྱུ་དག་ཅན་གྱི་གྲོགས་མཆོག་རེ་ཡི།།
ཞུམ་མེད་སྤོབས་པའི་ཕྱོགས་སུ་གདེང་འཇོག་མེད་པར།།

སྤྱི་སེམས་ཁ་ལ་འཁྱེར་བའི་གང་ཟག་དག་གིས།།
སྒེར་དོན་ལམ་ལྷོངས་ཡོང་བའི་བྱུས་སྟོང་བར་ནས།།
གཞུང་དོན་སྙིང་བརྐོས་ཅན་གྱི་སྐྱེས་བུ་ཡོད་ཚད།།
བསམས་བཞིན་གཡོག་ལ་བཀོལ་དུས་སྙིང་རླུང་འཚང་གི།

ཀུན་ཕན་གཞུང་དོན་སྒྲུབ་ལ་ངོ་ལྐོག་མེད་པར།།
རེ་དོགས་གཉིས་མེད་ངང་ནས་གཅིག་ཏུ་བརྩོན་ཏེ།།
སྙིང་རུས་དོན་ལྡན་བྱེད་པའི་གྲོགས་བཟང་དག་གི།
འགྱུར་མེད་ལྷག་བསམ་དེ་ལ་ཚོར་ཤེས་མེད་པར།།

རང་དོན་རང་གཅེས་ཡིན་པ་ཧ་གོ་བཞིན་དུ།།
སྙོམ་ལས་རོ་ཉལ་རྒྱག་ལ་སྲེད་པ་ཆེ་བའི།།
ལང་ཤོར་ཁྲེལ་མེད་ཅན་པོས་སྒེར་དོན་ཡོད་རྒུ།།
ཤེས་བཞིན་མདུན་ལ་སྤུང་དུས་ཁྲག་ཤེད་འཕར་གྱི།།

དུས་དང་བབས་ཀྱིས་འཁྲིས་པའི་རང་གི་འགན་འཁྲི།།
ལྷག་བསམ་ཡོད་རྒུ་སྤུངས་ཏེ་བསྒྲུབས་པའི་མཐའ་ལ།།
གོང་འོག་སུ་ཞིག་དགྱེས་པའི་གྲུབ་འབྲས་མེད་རུང་།།
ཞེ་བློ་གཏིང་ནས་བདེ་བ་དེ་དུས་ཡོད་ཀྱང་།།

རང་དོན་རང་ཐག་གཅོད་པའི་སྤོབས་པ་མེད་ཀྱིན།།
སྤྱི་དོན་སྒེར་ཐག་གཅོད་ལ་ཧམ་སེམས་ཆེ་བའི།།
མི་ངན་གྲོགས་བརྫུས་ཅན་གྱི་རེ་དོན་དེ་དག།
རིན་ཆེན་སྲོག་ལ་བསྡོས་ཀྱང་བསྒྲུབ་བྱ་མ་རེད།།

དུས་བཞི་ཀུན་ལ་ཟོལ་ལྡན་ལྗང་མདོག་ངོམ་པའི།།
སྣང་མཐོ་སྨྱུག་སྡོང་རིགས་ཀྱི་མགོ་འཕང་དེ་ཀོ།
འབྲས་ལྡན་ལྗོན་བཟང་དུད་པའི་གོང་ན་ཡོད་ཀྱང་།།
རྣམ་སྨིན་མེ་ཏོག་ཁྲོད་ནས་སྡུག་སྲོག་འཆོར་འགྲོ།།

སྒེར་དོན་དུག་རྫས་ཡིན་ཀྱང་ཧུབ་ཀྱིས་འདྲེན་ལ།།
སྤྱི་དོན་བདུད་རྩི་ལགས་ཀྱང་ས་ལ་འབོ་མཁན།།
ཕྱོགས་རིས་ཕུང་རྐྱེན་སློང་ལ་གཅིག་ཏུ་དགའ་བའི།།
རྨོངས་བྱེད་འཕྲུལ་འཁོར་ཕྱོགས་ལ་བག་ཟོན་མཛོད་ཅིག།

གནམ་ས་འུར་གྱིས་འགེང་བའི་སྣོད་སྟོང་བརྡུངས་ན།།
ཁོར་ཡུག་སུན་གཙེར་ཆེ་བའི་རྒྱུ་ལས་མེད་རུང་།།
ཁོག་སྟོང་མ་བརྡིབས་བར་དུ་ཇི་ཙམ་ལྡིར་ཀྱང་།།
རྡུང་བྱེད་ཐོ་བ་རྡེག་ལ་ངལ་དོན་མི་འདུག།

སྤྱི་ལོ་ཟླ་ཚེས་ ༢༠༡༥-༠༦-༡༩ ཉིན། (སྨྱུག་སྡེའི་ཐོག་ལའང་སྤེལ་ཡོད།)

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...