Wednesday, January 28, 2015

གྱེས་ཁའི་ཚིགས་བཅད།

༄༅། །༸སྐྱབས་གཅིག་བསླུ་མེད་ཀྱི་༸གྲུབ་དབང་བླ་མ།།
བཀའ་དྲིན་མཚུངས་མེད་ཀྱི་ཡིད་བཞིན་ནོར་བུས།།
རིས་མེད་བྱམས་ལྡན་གྱི་ཐུགས་རྗེས་བསྐྱངས་པའི།།
ཆོས་འབྲེལ་སྲིང་ཆུང་ཡ་བདག་ལ་གསོན་ཅིག།

སྐྱིད་པོ་སྙིང་བཅངས་ཀྱིས་གཞན་ཡུལ་འགྲིམ་དུས།།
སྡུག་པོ་ཁུར་བཅངས་ཀྱིས་ངལ་བ་བསྟེན་དགོས།།
རྒྱུ་ནོར་གསོག་སྒྲུབ་ཀྱི་དམིགས་ཡུལ་བར་ནས།།
ཡ་རབས་སྤྱོད་བཟང་གི་གོམས་གཤིས་མ་འདོར།།

མ་འོངས་མཛེས་སྡུག་གི་མདུན་ལམ་དགོས་ན།།
ད་ལྟའི་གོ་སྐབས་འདི་དོན་ལྡན་བྱེད་དགོས།།
རྨི་ལམ་རྐྱང་རྐྱང་གི་འཁྲུལ་སྣང་བར་ནས།།
ད་ཡོད་མི་ཚེ་འདི་འཕྲོ་བརླག་མ་གཏོང་།།

རྒྱུས་མེད་གཞན་ཡུལ་དེ་འགྲིམ་པའི་སྐབས་སུ།།
རང་སྣང་གང་ཤར་དེ་ཅིས་ཀྱང་སྤོངས་ལ།།
སྤྱོད་ལམ་རྣམ་བཞི་ཡི་འགྲོ་སྟངས་འགྲོ་ལུགས།།
ཕ་རོལ་ཡུལ་དུས་ཀྱི་འགྲོས་ལ་སྟུན་རོགས།།

ཚེ་གཅིག་གསོག་སྒྲུབ་ཀྱི་ངལ་བ་བསྟེན་ཀྱང་།།
འདོད་བློ་ཁེངས་པ་ཞིག་ཡོང་བ་དཀའ་བས།།
བསགས་པའི་རྒྱུ་ནོར་ལ་བསྲི་ཚགས་བྱས་ཏེ།།
འདོད་ཆུང་ཆོག་ཤེས་ཀྱིས་མི་ཚེ་སྐྱོང་རོགས།།

མི་ཡུལ་འགྲིམ་དུས་ཀྱི་འཚོ་ཡུན་བར་ནས།།
གླ་ཡོད་གཞན་བསྐུལ་ཀྱི་དོན་མཐུན་ལས་ཀར།།
རང་དོན་ཁྱད་མེད་ཀྱི་བསམ་བློ་བཅངས་ཏེ།།
གཉིས་ཕན་བྱ་བ་ཞིག་ཨེ་ཐུབ་བྱེད་རོགས།།

དེང་རབས་འཕྲུལ་ལས་ཀྱི་ཚོང་ར་ཆེ་ས།།
འཇིག་རྟེན་ཆོས་བརྒྱད་ཀྱི་འདུ་འགོད་མང་ས།།
ཡར་ཐོན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དེ་ནས།།
གཤིས་བཟང་ལམ་ལུགས་དེ་བདག་གཅེས་གནང་རོགས།།

ཕ་སྐད་དྭངས་མ་ལ་ལྷད་འཇུག་མ་བགྱིད།།
ཆོས་རིག་ཤེས་ཡོན་ལ་མཐོང་རྒྱ་མ་ཆུང་།།
བོད་སྐད་རང་རིགས་ཀྱི་སྲོག་རྩ་ཡིན་པས།།
མ་འོངས་བུ་ཚ་ལ་རྩིས་འཕྲོད་བྱེད་རོགས།།

རང་ཆས་གཙང་མ་ལ་ལྷད་འཇུག་མ་བགྱིད།།
ཡུལ་དུས་གོམས་གཤིས་ལ་མཐོང་རྒྱ་མ་ཆུང་།།
བོད་ཆས་རང་རིགས་ཀྱི་རྒྱན་ཆ་ཡིན་པས།།
མ་འོངས་བུ་ཚ་ལ་རྩི་འཕྲོད་བྱེད་རོགས།།

ཚེ་གང་གསོག་འཇོག་ལ་མགོ་བོ་མ་འཁོར།།
འདང་ངེས་རྒྱུ་ནོར་ལ་ཆོག་ཤེས་གྱིས་ཨང་།།
བག་མེད་ལོངས་སྤྱོད་ལ་འཛེམ་ཟོན་བྱས་ཏེ།།
རྒྱུ་ནོར་སྤྱོད་སྒོ་ལ་དོན་ལྡན་བྱེད་རོགས།།

སེམས་བཟང་གཤིས་བཟང་གི་གྲོགས་བཟང་མེད་ཀྱང་།།
དོན་མེད་འབྲེལ་མེད་ཀྱི་དགྲ་རེ་མ་གསོག།
རང་ཚུགས་རང་ཟིན་གྱིས་གཞན་གནོད་སྤོངས་ལ།།
བློ་མཐུན་སྤུན་གྲོགས་ལ་མཐུན་སྒྲིལ་ཟབ་རོགས།།

སྦྱིན་བདག་འབྱོར་ལྡན་ཚོ་ཇི་ཙམ་བྱམས་ཀྱང་།།
དྲིན་ཅན་ཨ་མ་དེ་སྙིང་ནས་མ་རྗེད།།
ཨ་གསར་དགའ་རོགས་ཀྱིས་ཇི་ཙམ་བརྩེ་ཡང་།།
ཕུ་ནུ་མིང་སྲིང་དག་སྙིང་ནས་མ་གློད།།

འབྱོར་ལྡན་སྦྱིན་བདག་ཚོས་དངུལ་གྱིས་མྱོས་པའི།།
དོན་མེད་བཀའ་བཀྱོན་གྱི་དྲག་ཆར་ཕབ་ཀྱང་།།
གློ་བུར་རླུང་ལངས་ཀྱི་ཡ་ལན་བོར་ཏེ།།
རང་དོན་སྙིང་བཅངས་ཀྱིས་ལས་ལ་འབད་རོགས།།

སྒོ་གསུམ་ངལ་རྩོལ་གྱི་འབད་པ་ཡོད་རྒུ།།
ཐབས་ཤེས་རྩལ་སྤྲུགས་ཀྱིས་དོན་ལྡན་གྱིས་ལ།།
རང་ཡོད་ཆོག་ཤེས་ཀྱི་སྐྱིད་ཉམས་བོར་ཏེ།།
ཕ་རོལ་འགྲན་རྩོད་ཀྱི་ངལ་བ་མ་སྟེན།།

རང་མཁོ་ཡོན་ཏན་ལ་བརྩོན་འགྲུས་མ་ཆུང་།།
ལས་སྣ་སྒྲུབ་པ་ལ་བློ་སྟོབས་མ་ཞུམ།།
མ་ཤེས་ཤེས་མདོག་གིས་ཧམ་སེམས་མ་བགྱིད།།
ཤེས་དོན་སྒྲུབ་པ་ལ་སྤོབས་པ་མ་ཞན།།

འཇིག་རྟེན་ཕལ་པས་ཀྱང་དམའ་འབེབས་བྱེད་ས།།
མྱོས་རྫས་ཆང་དུད་ལ་དུག་བཞིན་འཛེམས་རོགས།།
ཉམས་ཆུང་དུད་འགྲོ་ཡི་ཚེ་སྲོག་ཤོར་བའི།།
དམར་ཟས་ལོངས་སྤྱོད་ལ་གཟབ་གཟབ་བྱེད་རོགས།།

ངོ་སོ་ངོ་བསྟོད་ཀྱི་གཏམ་ལ་མ་སྒུག།
རང་བབ་འགན་འཁྲི་དེ་འཐུས་ཤོར་མ་བགྱིད།།
བྱས་ཡུས་སྡུག་ཡུས་ཀྱི་སྐད་ཆ་གཡུགས་ཏེ།།
དྲན་ཤེས་བག་ཡོད་ཀྱིས་ལས་དོན་སྒྲུབ་རོགས།།

རང་དོན་ཁོག་བཅངས་ཀྱི་ལས་དོན་ཁྲོད་ནའང་།།
གཞན་དོན་ཞོར་འགྲུབ་ཀྱི་གོ་སྐབས་འཛིན་རོགས།།
ཞོར་ལས་ཁོ་ན་ལ་རང་མགོ་འཁོར་ནས།།
ཆེད་ལས་འཐུས་ཤོར་དེ་ནམ་ཡང་མ་གཏོང་།།

ལུས་པོའི་འཕྲོད་བསྟེན་ལ་ཕན་མེད་གནོད་ན།།
ཞིམ་རྒུའི་ཟས་རིགས་ཀྱང་དུག་བཞིན་སྤོངས་ལ།།
དུས་ཚོད་ཏག་ཏག་ལ་ཟ་ཉལ་འགྲོ་འདུག།
རང་དོན་རང་གཅེས་ཀྱིས་ཚུལ་བཞིན་སྒྲུབ་རོགས།།

ཉམས་ཆུང་གཤིས་བཟང་གི་གོ་ས་བཟུང་ལ།།
བསམ་བཟང་གཞན་ཕན་གྱི་ཀུན་སློང་མ་རྗེད།།
གཡོ་ཁྲམ་བསླུ་འདྲིད་ཀྱི་མགོ་སྐོར་ཟེར་བ།།
དགྲ་གྲོགས་གང་ལ་ཡང་མ་བྱེད་སྤོང་ཨང་།།

༸གྲུབ་དབང་བླ་མ་དེ་ནམ་ཡང་མ་རྗེད།།
སྐྱབས་འགྲོ་གསོལ་འདེབས་དེ་མ་ཆད་གྱིས་ཨང་།།
སྐྱིད་སྡུག་བཟང་ངན་དེ་ཁོང་གིས་མཁྱེན་པས།།
བླ་མའི་རྣལ་འབྱོར་རེ་རྒྱུན་དུ་མཛོད་ཅིག།

གྱེས་འཛོམས་འདུ་འབྲལ་གྱི་ཆོས་ཉིད་འདི་ལ།།
འདི་ཞེས་ངེས་པ་ཞིག་གང་ཡང་མེད་པས།།
སླར་ཡང་ལྷན་འཛོམས་ཀྱི་གོ་སྐབས་ཟེར་བ།།
ཡིད་སྨོན་ཙམ་ཞིག་ལས་རེ་བ་མ་ཆེ།།

དེང་སང་བརྡ་འཕྲིན་གྱི་བཀའ་དྲིན་འདི་ལས།།
ཉེ་རྒྱང་གར་ཡོད་ལ་ཁྱད་པར་མེད་པས།།
ཁོམ་ལོང་ཡོད་དུས་ལ་རྒྱང་འཕྲད་བྱེད་ཆོག།
ལམ་དུ་ཐེག་སྐབས་ལ་སྐྱོ་དུང་མ་ཆེ།།

དྲིན་ཅན་ཨ་མ་ཡི་སློབ་གསོ་དེ་དང་།།
གྱེས་ཁ་མིང་པོ་ཡིས་ཁ་ཏ་གང་བྱས།།
མ་བརྗེད་སེམས་ནང་ལ་ཉར་འཇོག་བྱས་ཏེ།།
རྒྱུས་མེད་ཡུལ་གྲུ་ན་ཨེ་ཕན་ལྟ་རོགས།།
ཕྱི་ལོ་ ༢༠༡༥ ལོར་སྲིང་མོ་ནུབ་ཕྱོགས་སུ་ཐེག་སྐབས་གྱེས་ཁའི་ཚིགས་བཅད་དུ་སྤེལ།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...