Saturday, February 1, 2014

རྟགས་འགྲེལ་ནོར་བུའི་མེ་ལོང་ལས། ཞར་བྱུང་དུ་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པའི་སྐབས་དོན་ལ་དཔྱད་པ།

༄༅། །རྟགས་འཇུག་རྩ་བ་ལས། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་པར་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །ཞེས་པའི་བསྟན་དོན་སྐོར་ཅུང་ཟད་དཔྱད་པར་བྱ་བ་ལ། རྩ་བ་ལས། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་[1]མེད་པར་འགྱུར། །ཞེས་པའི་བསྟན་དོན་དུ་ནོར་བུའི་མེ་ལོང་ལས། མོ་ཡི་ཡི་གེ་ཨཱ་ལི་མཚོན་བྱེད་གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་མེད་པ་ན། ཞེས་ཡོངས་གྲགས་ཀྱི་དབྱངས་བཞིར་བཀྲལ་ནའང་། དབྱངས་བཞི་པོ་དེ་དག་མེད་པ་ཙམ་གྱིས་ནི་མཐའ་གཅིག་ཏུ་ཕོ་ཡིག་གི་བརྗོད་པ་རྣམས་མེད་པར་འགྱུར་ཚུལ་སུས་ཀྱང་དམ་བཅའ་བར་མི་ནུས་ལ།  དེར་བརྟེན། ཕོ་ཡིག་ཀཱ་ལི་རྣམས་ཀྱི་བརྗོད་པ་ཕལ་ཆེར་མེད་པར་འགྱུར་ལ། ཞེས། ཕལ་ཆེར་ཞེས་པའི་སྒྲ་གསར་སྣོན་མཛད་ཅིང་།  ཕལ་ཆེར་ཞེས་པའི་ཚིག་འདིའི་ནུས་སྟོབས་ལ་བསམས་ན།
མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཞེས་པའི་རྩ་ཚིག་གི་དོན་ལ་མཐའ་གཅིག་ཏུ་ཁྱབ་པ་མེད་པ་ལྟར་གསལ་ནའང་། དེ་ལྟར་མ་ཁྱབ་པའི་སྐོར་དམིགས་བསལ་གྱི་བཅད་བྱའམ་དཔེ་མཚོན་གྱི་བསྟན་དོན་གསལ་ཁ་ཞིག་དངོས་ཤུགས་གང་དུའང་མ་གསུངས་པས། ནོར་བུའི་མེ་ལོང་ལས་གཞུང་གི་བསྟན་དོན་དངོས་ཁ་གསལ་མ་མཛད་པར་མངོན་ནོ།།
    འོ་ན་གོང་གསལ་གྱི་རྩ་ཚིག་དེའི་བསྟན་དོན་ཁ་གསལ་དུ་ཇི་ལྟར་འགྲེལ་ལམ་ཞེ་ན། འདི་ལྟར་བརྗོད་པར་བྱ་སྟེ། མོ་ཡི་ཡི་གེའམ་དབྱངས་ཡིག་ཨ་ཡི་སྒྲ་གདངས་མེད་པ་ན། ཕོ་ཡིག་གསལ་བྱེད་རྣམས་ཀྱི་བརྗོད་པའམ་ང་རོ་རྣམས་མཐའ་གཅིག་ཏུ་མེད་པར་འགྱུར་ལ། རྒྱུ་མཚན་ནི། ཨ་ཡི་སྒྲ་གདངས་དང་བྲལ་ན་གསལ་བྱེད་རྣམས་ཀྱི་ང་རོ་འདྲེན་ཐབས་མེད་ཅིང་། གསལ་བྱེད་ཀ་ནས་ཧ་ཡི་བར་གྱི་ཡི་གེ་ཉེར་དགུ་པོ་མཐའ་དག་ཀྱང་དབྱངས་ཡིག་ཨ་ཡི་སྒྲ་གདངས་སྲོག་ཏུ་ཞུགས་པ་ཤ་སྟག་ཡིན་པ་དང་། དེ་དག་ལ་བརྟེན་ནས་དབྱངས་གསལ་ཀྱི་ཁྱད་པར་གསལ་བར་བྱེད་པའི་ཡི་གེ་གི་གུ་དང་ཞབས་ཀྱུ། འགྲེང་བུ་དང་ན་རོ་སོགས་འཇུག་པས། ད་གཟོད་ཕོ་ཡིག་གསལ་བྱེད་ཀྱི་རིགས་ཀ་གཅིག་པུ་ལ་མཚོན་ནའང་། ཀི་ཀུ་ཀེ་ཀོ་ཞེས་ཁྱད་པར་གྱི་ང་རོའམ་བརྗོད་པ་སྣ་ཚོགས་སུ་བརྗོད་ནུས་སོ།། དེར་བརྟེན་དཀའ་གནད་གསལ་བའི་མེ་ལོང་དུའང་། མོ་ཡིག་དབྱངས་དང་མི་ལྡན་ན། །ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །དེ་ཕྱིར་དབྱངས་ལྔ་བཞེད་པ་བདེ། །ཞེས་གསུངས་པ་ལྟར། རྩ་བའི་དབྱངས་ཡིག་ཨ་དང་། དེའི་སྟེང་དབྱངས་ཀྱི་ཁྱད་པར་གསལ་བར་བྱེད་པའི་ཡི་གེ་གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་བཅས་བཞི་བསྣན་ཏེ་དབྱངས་ཡིག་རྣམ་པ་ལྔར་བཞེད་ན་གོང་གསལ་གྱི་རྩ་བའི་དོན་ལ་འགྲེལ་བཤད་གནང་བདེ་བར་མ་ཟད། དོན་ལའང་དེ་ལྟར་ངེས་ཏེ། ཨ་ཡིག་ནི་ཡི་གེ་ཀུན་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ།། དེས་ན་ཨ་ཡིག་ལ་ཤེས་རབ་མ་ཡི་ཡི་གེ་ཞེས་ཀྱང་གྲགས་སོ།།
    ཡང་། ཁ་ཅིག་གིས། དེ་ལྟར་ཡིན་ན་སུམ་ཅུ་པ་ལས། ཀཱ་ལི་སུམ་ཅུ་ཐམ་པ་འོ།། ཞེས་ཨ་ཡིག་ཀཱ་ལིའི་གྲས་སུ་བགྲངས་པ་མ་ཡིན་ནམ། ཞེ་ན། དེ་ལྟར་ཡིན་མོད་ཀྱི། དེ་ནི་ཀ་ནས་ཧ་ཡི་བར་གྱི་གསལ་བྱེད་རྣམས་ལ་ཨ་ཡིག་གི་གདངས་སྲོག་ཏུ་མ་ཞུགས་ན་ང་རོ་འདྲེན་མི་ནུས་པས། ཀ་ནས་ཧ་ཡི་བར་གྱི་ཡི་གེ་ཉེར་དགུ་པོ་མཐའ་དག་དབྱངས་ཨ་ཡི་སྒྲ་གདངས་ལ་བརྟེན་ནས་བརྗོད་དགོས་པར་མཚོན་བྱེད་དུ་ཨ་ཡིག་གསལ་བྱེད་ཐམས་ཅད་ཀྱི་མཐའ་ལ་བཞག་པ་དེ་ཉིད། ཀཱ་ལིའི་ཁོངས་སུ་བགྲངས་པ་ཙམ་ལས། ཨ་དེ་མོ་ཡིག་གམ་དབྱངས་ཀྱི་ཡི་གེ་མིན་པར་བསྟན་པ་ནི་མ་ཡིན་ནོ།།   __མུ་འགོད།
_____________________________
[1] མཆན། སྤྱིར་བཏང་། བརྗོད་པ་ཞེས་པ་ནི་མིང་ཚིག་མང་པོ་སྦྲེལ་ནས་གྲུབ་པའི་དོན་ལྡན་གྱི་ངག་ཕྲེང་། དཔེར་ན། བློ་གྲོས་གསལ་ཞིང་བརྩོན་འགྲུས་ཆེ་བའི་སློབ་གཉེར་བ་རྣམས་རིག་གནས་ལ་མཁས་སོ།། ཞེས་པ་ལྟ་བུ་ལ་ཟེར་ནའང་། སྐབས་འདིར་བརྗོད་པ་ཞེས་པ་འདི་ངག་ནས་འདྲེན་པའི་ང་རོའམ་ཡི་གེའི་སྒྲ་གདངས་ལ་གོ་བར་བྱའོ།།

2 comments:

  1. གནད་དོན་འདིའི་སྐོར་ལས་འཕྲོས་ཏེ་བསམ་ཚུལ་མདོར་བསྡུས་ཤིག་དགོད་རྒྱུ་འདུག

    ReplyDelete
    Replies
    1. ལགས་སོ།། གསུང་རོགས་གནང་།

      Delete

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...