Sunday, October 30, 2005

རྣམ་དཔྱོད་འོད་སྣང་འཇོམས་པའི་སྨག་རུམ།

༄༅། །མ་ལ་ཡ་ཡི་ནགས་སུ་མ་འཁྲུངས་ཤིང་།།
སྲ་བརྟན་འཛིན་མར་རྩ་བ་ཚུགས་མིན་ཡང་།།
སྲིད་གསུམ་གྲངས་ཀྱི་ལོ་འདབ་གཡོ་བ་ལས།།
རྩ་བའི་གདུང་བ་སེལ་བའི་གཉེན་པོ་ཅི།།

མཐོ་སློབ་ཁང་དུ་ཐོག་མར་འབྱོར་ནས་བཟུང་།།
ཇི་སྲིད་གནས་བར་ཀུན་ལ་རིས་མེད་ཀྱིས།།
སྒྲིགས་གཞིའི་དུས་ཚོད་རྣམ་ཀུན་ངོ་སྤྲོད་ལ།།
འཚེར་མེད་གྲོགས་བཟང་རྟ་རྔའི་སྲོག་འཛིན་གང་།།

བསླུ་མེད་དྲང་སྲོང་རྒྱལ་པོའི་ཞལ་སྔ་ནས།།
བདེན་དོན་གཤིས་ཀྱི་ལུགས་དང་འགལ་བ་ཡི།།
མི་བདེན་རྫུན་གྱི་འཁོར་ལོ་བསྐོར་ན་ཡང་།།
རྫུན་མིན་དྲང་པོའི་ཐ་སྙད་འདོགས་མཁན་སུ།།

གྲངས་མེད་སྡུག་བསྔལ་གསུམ་གྱི་འབབ་ཆུའི་རྒྱུན།།
གཅིག་ཏུ་བཞུར་བ་སྲིད་པའི་ཆུ་ཀླུང་ཆེར།།
བརྒལ་བར་མི་ནུས་འགྲོ་ཀུན་འདྲེན་པའི་མགོན།།
ལྕགས་ཟམ་ཐ་སྙད་ཐོགས་པའི་རྣལ་འབྱོར་སུ།།

བྱང་ཁྱུང་ལྡིང་སྐོར་བྱེད་པའི་གནམ་འོག་ནས།།
དུད་འགྲོའི་མགོ་ལ་རྣ་བ་ཡ་གཅིག་ཅན།།
སྟག་ཤར་བུ་སྤུན་རྣམ་ལྔའི་ཐ་ཆུང་གིས།།
མ་གཅིག་བར་མར་འཁྲིད་པའི་ཡིག་འབྲུ་གང་།།

དྲང་པོའི་རིགས་ལ་དགའ་བའི་ཞེན་ཆགས་དང་།།
འཁྱོག་པོའི་རིགས་ལ་སྡང་བའི་ངང་ཚུལ་གཉིས།།
མེད་ཀྱང་དྲང་པོའི་བྱ་བ་ཁོ་ན་ལས།།
རིས་མེད་འཇུག་པའི་ནུས་བྲལ་བེམ་པོ་ཅི།།

གྲངས་མེད་གསུམ་གྱི་ཚོགས་ཀྱང་མ་བསགས་ཤིང་།།
སྒྲིབ་གཉིས་འཁོར་བའི་མུན་སྟུག་བཅོམ་མིན་ལ།།
སྐུ་གཉིས་ཟུང་གི་དོན་འབྲས་མ་སྨིན་ཀྱང་།།
འབད་མེད་འགྲོ་བའི་རེ་སྐོང་དེ་འདྲ་ཅི།།

སེམས་མེད་བེམ་པོ་ཡིན་ཕྱིར་ལྷག་བསམ་གྱིས།།
གཞན་དོན་སྒྲུབ་པའི་བློ་དཀར་མེད་ན་ཡང་།།
དུས་འདིར་རང་གཞན་དོན་རྣམས་སྒྲུབ་པ་ལ།།
མེད་ཐབས་མེད་པའི་དངོས་པོར་བསྔགས་དེ་ཅི།།
པདྨའི་རང་མདངས་འདོན་ཐེངས་བདུན་པའི་གབ་ཚིག་རིག་པའི་རོལ་རྩེད་ལས་སོ།།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...