Friday, December 17, 2004

པདྨ་འོད་ཀྱི་ཕོ་བྲང་གཉིས་པར་བསྟོད་པ་རྨད་བྱུང་དབྱངས་ཀྱི་མཆོད་སྤྲིན།

༄༅། །གངས་ཅན་མགོན་དུ་དུས་གསུམ་རྒྱལ་བའི་བཀའ་ཡི་ཅོད་པན་དབུར་བཅིངས་ཏེ།
གངས་ཅན་ཡུལ་དུ་རྒྱལ་བསྟན་ཉི་མས་ཀླ་ཀློའི་སྨག་རུམ་ཡོངས་སེལ་བའི།
གངས་ཅན་འགྲོ་བའི་མགོན་དཔུང་དམ་པ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་སོགས།
གངས་ཅན་འགྲོ་བར་ཐུགས་རྗེའི་ལྕགས་ཀྱུས་ལྷོད་མེད་འཛིན་རྣམས་ལན་བརྒྱར་བསྟོད།

རབ་འབྱམས་རྒྱལ་བའི་མཁྱེན་གཉིས་མཁའ་ལས་མངོན་གསལ་མཚན་དཔེའི་རྟ་བདུན་དབང༌།
དབང་མེད་མ་རིག་མུན་པར་འཕྱན་པའི་འགྲོ་ལ་སྣང་བའི་དཔལ་སྟེར་གོན།
མགོན་མཆོག་དམ་པ་སྨྲ་བའི་སེང་དང་དབྱེར་མེད་དྲིན་ཅན་འཁོར་ལོའི་བདག
བདག་སོགས་བླ་མེད་བྱང་ཆུབ་བར་དུ་མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས།

མཁྱེན་གཉིས་དཔལ་གྱིས་ཤེས་བྱའི་ཆོས་ཀུན་མ་བསྒྲིབས་ཇི་བཞིན་མཁྱེན་མཛད་པ།
མཁྱེན་གཉིས་དཔལ་ལ་མངའ་དབང་གྱུར་པའི་མཁྱེན་པའི་བདག་ཉིད་མ་ལུས་ཀྱི།
མཁྱེན་གཉིས་དཔལ་ཀུན་གཅིག་ཏུ་འདུས་པའི་མཁྱེན་པའི་ངོ་བོ་ཤེས་རབ་ལྷ།
མཁྱེན་གཉིས་འོད་མདངས་ཀུ་མུད་བློ་ཡི་འདབ་རྒྱ་གྲོལ་ཕྱིར་བདག་ལ་སྩོལད།

རྒྱལ་ཀུན་གསུང་གི་ཐིག་ལེ་གཅིག་འདུས་ཟླ་ཞུན་མུ་ཏིག་འོད་མདངས་ཀྱིས།
སྲིད་གསུམ་མཛེས་མའི་དཔལ་ཀུན་གཅིག་འདུས་མཚན་དཔེའི་རྒྱན་སྤྲས་སྨིན་ལེགས་མ།
བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་གཅིག་འདུས་དབྱངས་སུ་གྱེར་བའི་གླུ་མཁན་ཉིད།
དུས་གསུམ་རྒྱལ་ཀུན་སྐྱེད་པའི་ཡུམ་གཅིག་བདག་མགྲིན་ཁབ་ཏུ་རོལ་ཞིག་ཀྱེ།

གྲངས་མེད་བསྐལ་པར་ཚོགས་གཉིས་རྫོགས་པ་དུས་གསུམ་རྒྱལ་བའི་ངོ་བོ་ཉིད།
སྲིད་གསུམ་འགྲོ་བའི་དཔལ་དུ་གྱུར་པ་སངས་རྒྱས་གཉིས་པའི་རྒྱལ་ཚབ་ཀྱི།
ཐུགས་བསྐྱེད་འོ་མཚོའི་རླབས་ལས་འཁྲུངས་པའི་མཛད་ཕྲིན་མཐའ་མེད་ཆུ་གཏེར་ལས།
སྐྲ་རྩེའི་ཟིལ་བ་བརྒྱ་རུ་བཤགས་པའི་ཆ་ཙམ་དབྱངས་སུ་གྱེར་ལ་སྤྲོ

བསིལ་ལྡན་ལྗོངས་ནས་རིམ་པར་གྱེས་པའི་ལུགས་བཞིའི་ཆུ་བོ་རྣམ་བཞི་ཡི།
སྡེ་བཞིའི་ཕུང་པོ་གཅིག་ཏུ་འཁྱིལ་པའི་ཆུ་གཏེར་ལྷོ་ཕྱོགས་འཛིན་མའི་ལྟོར།
གང་གི་མཛད་ཕྲིན་རྣམ་དཀར་ས་བོན་ཆ་ཙམ་འཕོ་བའི་མཐུ་ཉིད་ལས།
མ་ལུས་འགྲོ་ཀུན་ཡིད་དབང་འཕྲོག་པའི་ངོ་མཚར་མཛེས་པའི་གནྡྷོ་ལ།

བ་གམ་གསུམ་བརྩེགས་གཟི་ལྡན་དཔལ་གྱིས་འཛིན་མའི་ཁྱོན་འདིར་འགྱིང་བའི་ཚེ།
ལངྐའི་སྲིན་རྒྱལ་ཕོ་བྲང་ལྟ་ཅི་ས་འོག་འཇོག་པོའི་གྲོང་ཁྱེར་གྱི།
གཟི་ལྡན་ཁེངས་དྲེགས་མ་ལུས་ཕྲོགས་པས་སུམ་རྩེན་འཆི་མེད་རྒྱལ་པོའི་གནས།
རྣམ་རྒྱལ་ཁང་བཟང་ས་ལ་འཕོ་ཞེས་སྐྱེ་འགྲོའི་འུར་གྱིས་གླིང་ཀུན་ཁྱབ།

ཨ་ཧོ་འགྲོ་མགོན་པད་འབྱུང་གཉིས་པས་བསྟན་འགྲོའི་དཔལ་དུ་རབ་དགོངས་ཏེ།
ངོ་མཚར་རྨད་བྱུང་པདྨ་འོད་ཀྱི་ཕོ་བྲང་གཉིས་པ་བསྐྲུན་པ་ཡི།
སྙན་པའི་གྲགས་པ་གཡུ་འབྲུག་སྔོན་མོས་ཀུན་གསལ་དབྱིངས་སུ་རབ་སྒྲོག་ཚེ།
མུན་སེལ་ཟོལ་གྱིས་ཉི་ཟླ་གཉིས་པོའང་དཔལ་རིའི་ཞིང་མཆོག་ལྟ་ཕྱིར་ལྷག

ཛམྦུ་ཆུ་གསེར་རྒྱུ་ལས་གྲུབ་པའི་མཛེས་སྡུག་གཉྫི་ར་དང་གཅིག
ལྗོན་ཤིང་དམར་པོ་ཧེ་མ་ཟོང་གི་དར་གོས་བཀླུབས་པའི་རྒྱ་ཕིབས་གཉིས།
གཟི་འོད་འབུམ་གྱིས་བཅུ་གཉིས་བདག་པོའི་དཔལ་ཀུན་གཅིག་ཏུ་སྤུངས་འདྲ་བའི།
མཛེས་སྡུག་ངོམ་ཚེ་རླུང་གི་རྒྱལ་མཚན་སྲེད་ལྡན་བློ་ཡིས་འཁྱུད་པར་རྩོམ།

སྟེང་ཁང་སྤྲོས་མེད་ཆོས་སྐུའི་ཞིང་དུ་སྣང་མཐའ་གཙོ་འཁོར་ཆོས་སྐུའི་རྟེན།
བར་ཁང་འགག་མེད་ལོངས་སྐུའི་ཞིང་དུ་གྲུ་འཛིན་བདག་པོ་ལོངས་སྐུའི་རྟེན།
འོག་ཁང་ཐུགས་རྗེ་སྤྲུལ་སྐུའི་ཞིང་དུ་པད་འབྱུང་སྤྲུལ་པའི་སྐུ་རྟེན་བཅས།
ཝི་ཤྭ་ཀརྨའི་རྩལ་ལས་གྲུབ་པའི་ངོ་མཚར་བཀོད་ལེགས་འབུམ་གྱིས་མཛེས།

འབྱུང་བ་དང་པོས་ལེགས་པར་ཞལ་པའི་འགྱུར་མེད་གྱང་གི་མེ་ལོང་ངོར།
པད་འབྱུང་སྤྲུལ་པའི་འགྲོ་འདུལ་མཛད་རྣམ་ཡིད་འཕྲོག་ལྡེབས་རིའི་གཟུགས་བརྙན་དུ།
མངོན་པར་བཀྲ་བའི་ངོ་མཚར་དཔལ་འདི་མཐོང་བ་ཙམ་གྱིས་སྐྱེ་འགྲོ་ཀུན།
ཡིད་ཀྱི་བརྟན་པ་ཅིག་ཆར་འཕྲོག་ཚེ་འགུལ་མེད་བེམ་པོའི་གཟུགས་ཀྱི་ཟླ།

རྩིག་པའི་འདོད་སྣམ་ངོ་མཚར་རྒྱན་བཟང་དྲྭ་ཕྱེད་མདའ་ཡབ་སྣ་ཚོགས་དང༌།
སྒོ་བཞི་རྟ་བབས་ཆོས་འཁོར་རྒྱན་ཀུན་སྣ་ཚོགས་རཏྣའི་འོད་འཚེར་བའི།
མཛེས་སྡུག་སྒྱུ་རིས་འབུར་དུ་བརྐོས་པའི་སྒྱུ་རྩལ་མཛེས་པའི་དཔལ་རྣམས་ཀུན།
མ་བཅོས་ལྷུན་གྲུབ་པདྨ་འོད་ཀྱི་ཞིང་གི་བཀོད་དང་ཁྱད་པར་ཅི།

མཛེས་མཛེས་འཇའ་ཡི་གུར་ཁྱིམ་ཀློང་ན་བརྗིད་བརྗིད་གིང་ཆེན་ཚོགས་རྣམས་ཀྱིས།
གསལ་གསལ་ཀུན་གསལ་ཡངས་པའི་ཀློང་ན་མངོན་པར་འཕྱོ་བའི་ངང་ཚུལ་དང༌།
ཌཱ་ཀིའི་ཚོགས་ཀྱིས་མཆོད་སྤྲིན་བཏིབས་ཤིང་ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་ཡིས།
སྡེ་བརྒྱད་ཕོ་ཉར་འགྱེད་པའི་སྐུ་རྣམས་ཡིད་དབང་འཕྲོག་འཆོམ་རྐུན་ཉིད།

མཛེས་མཛེས་བཀོད་ལེགས་འབུམ་གྱིས་མཛེས་པའི་ཛེས་སྡུགསྐུ་གསུམ་ཕོ་བྲང་ཆེ།
མཛེས་མཛེསསྲིད་པའི་དཔལ་ཀུན་སྤུངས་པའི་མཛེས་སྡུག་ནོར་འཛིན་རྒྱན་ཉིད་དུ།
མཛེས་མཛེསརིན་ཆེན་བདུན་ལས་གྲུབ་པའི་མཛེས་སྡུགཔདྨ་འོད་ཀྱི་ཞིང༌།
མཛེས་མཛེསགླིང་འདིའི་དཔལ་ཀུན་འཕྲོག་ཕྱིར་མཛེས་སྡུག་ཞིང་འདིར་ངོམ་མིན་ཅི།

མཚར་མཚར་ངོ་མཚར་དུས་གསུམ་རྒྱལ་བའི་མཚར་ལྡན་ཐུགས་ཀྱི་ངོ་བོ་ཡིས།
མཚར་མཚར་རྒྱལ་སྲས་འབུམ་གྱི་མཆོག་གྱུར་མཚར་ལྡན་འགྲོ་མགོན་ཁྱེད་ཉིད་ལ།
མཚར་མཚར་མདོ་སྔགས་བསྟན་པའི་རྒྱལ་མཚན་མཚར་ལྡན་ཞིང་འདིར་བསྒྲེངས་མཛད་པའི།
མཚར་མཚར་ངོ་མཚར་མཛད་པའི་སྐྱེས་སུ་མཚར་ལྡན་ཞིང་འདི་ཕུལ་མིན་ནམ།

ཨེ་མ་ཐོགས་མེད་དུས་ནས་བསགས་པའི་གཞལ་མེད་འགྲོ་བའི་བསོད་ནམས་ཀྱི།
ཆུ་གཏེར་གང་གི་ཐུགས་བསྐྱེད་གཡོ་མེད་རི་ཡི་མཆོག་འགྱུར་སྲུབ་ཤིང་ལ།
གཞན་ཕན་བློ་ཡིས་སྐེད་ནས་འཁྱུད་ཅིང་ལྷག་བསམ་ཤུགས་ཀྱིས་ཡོངས་བསྲུབས་ལས།
འཁྲུངས་པའི་ཕོ་བྲང་ཆུ་ཤེལ་དབང་འདི་བདེ་འབྱུང་སྲིད་པའི་རྒྱན་མིན་ཅི།

མ་ལུས་འགྲོ་བའི་བླ་མར་འགྱུར་བ་པདྨཱ་ཀ་རའི་གདུལ་ཞིང་འདིར།
མ་ལུས་པདྨ་འོད་དུ་འདྲེན་མཛད་མ་ཧཱ་གུ་རུའི་རྒྱལ་ཚབ་ཀྱིས།
མ་འགྱུར་འགྲོ་བའི་བསོད་ནམས་རྟེན་དུ་རྨད་འབྱུང་སྐུ་གསུམ་ཞིང་གི་བཀོད།
མ་འབད་ལྷུན་གྲུབ་རང་འབྱུང་ཞིང་དང་དབྱེར་མེད་བསྐྲུནད་འདི་ཨ་ཧོ་རྨད།

སྙན་སྙན་དོན་གྱི་བརྗོད་བྱས་དབེན་ཀྱང་སྙན་སྙན་ཚིག་གིས་རྒྱུད་མངས་དབྱངས།
སྙན་སྙན་ཚངས་པའི་དབྱངས་ལྟར་མེད་ཀྱང་སྙན་སྙན་ངག་གི་རོལ་མོ་ལས།
སྙན་སྙན་འཇོལ་མོའི་དབྱངས་ལ་འགྲན་པའི་སྙན་སྙན་བསྟོད་པའི་གླུ་དབྱངས་ཤིག
སྙན་སྙན་ཟོལ་གྱིས་ཙིཏྟའི་གྲོང་ནས་སྙན་མེད་ངག་སྒོར་དབང་མེད་ཐལ།

དེ་ལྟར་རྨད་བྱུང་སྤྲུལ་པའི་ཞིང་ལ་སྙན་ཚིག་དྲི་ཟའི་རྒྱུད་མངས་ཀྱིས།
བསྟོད་པའི་གླུ་དབྱངས་མཆོད་སྤྲིན་ཚུལ་དུ་ཅུང་ཟད་སྤྲོས་པའི་དགེ་མཆིས་ན།
མ་གྱུར་འགྲོ་ཀུན་ངོ་མཚར་ཕོ་བྲང་པདྨ་འོད་ཀྱི་ཞིང་ཁམས་སུ།
ཕ་གཅིག་ཨོ་རྒྱན་པདྨའི་ཞལ་རས་མི་རིང་མྱུར་མཇལ་བཀྲ་ཤིས་ཤོག

ཚོགས་གཉིས་མཁའ་ལ་སྐུ་གསུམ་དཔལ་རྫོགས་གྲུབ་བརྙེས་རྒྱུ་སྐར་བྱེ་བའི་ཁྲོད།
ག་བུར་ང་བཞིན་མངོན་པར་འཕགས་པའི་རྒྱལ་སྲས་འབུམ་གྱི་མཁྱེན་བརྩེའི་འོད།
གཅིག་ཏུ་སྤུངས་པའི་སྲིད་པའི་སྒྲོན་མེ་ཀླ་ཀློའི་གཤེད་འགྱུར་པདྨའི་གཉེན།
འགྲོ་བའི་པད་ཚལ་རྣམ་པར་སྐྱོང་བའི་ནམ་མཁའི་ནོར་བུ་རྟག་བརྟན་ཤོག

ཁྱད་པར་བཀའ་དྲིན་གསུམ་ལྡན་ཁྱེད་ཀྱི་ཐུགས་ཀྱི་བཞེད་དོན་རབ་སྒྲུབ་པའི།
བསྟན་པའི་རྩ་ལག་ངུར་སྨྲིག་སྡེ་ཀུན་བསིལ་ལྡན་ཚུལ་ཁྲིམས་དུགས་དཀརའོག
འཆད་རྩོད་རྩོམ་པའི་རྒྱལ་མཚན་བསྒྲེངས་ཤིང་མཁས་བཙུན་བཟང་པོའི་པད་དཀར་དྲི།
དྲི་བཞོན་ཤིང་རྟས་ཕྱོགས་མཐར་སྤེལ་བའི་གཡས་འཁྱིལ་དུང་དཀར་བཀྲ་ཤིས་ཤོག

བདག་ཀྱང་ཁྱེད་ཀྱི་ཐུགས་རྗེའི་རྒྱ་མཚོར་མི་འབྲལ་གསེར་མིག་ངང་ཚུལ་གྱིས།
ཟབ་དོན་ཆོས་ཀྱི་གདམས་ངག་བདུད་རྩིས་བློ་ཡི་བུམ་བཟང་ཡོངས་བཀང་སྟེ
དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་དང་འབྲལ་མེད་དཔལ་བེའུ་རང་བཞིན་དུ།
ཡི་གེ་ཁོར་ལོ་ཚོགས་ཆེན་ས་ལ་མ་རིང་མྱུར་འཛོམས་བཀྲ་ཤིས་ཤོག

སྤྱི་ལོ་ ༢༠༠༤ ལོར་རྣམ་གླིང་ཟངས་མདོག་དཔལ་རིའི་མཛད་སྒོའི་སྐབས་སུ་བཤེས་གཉེན་མཆོག་གི་བཀས་བསྐུལ་ལྟར་འཛིན་རིམ་བཞི་པའི་སློབ་གཉེར་བ་ཤར་ཕྲུག་ཚེ་དབང་རིག་འཛིན་པས་བྱིས་བློའི་སྨྱུག་རྩེ་ཅི་དགར་བསྒྱུར་པ་དགེའོ།། །།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...