Thursday, November 25, 2004

༸སྐྱབས་གཅིག་དྲིན་ཅན་བླ་མར་ཕུལ་བའི་གསོལ་འདེབས།

༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ཡེ། སྐུ་གཅིག་ཆོས་སྐུའི་ཀློང་ལས་མ་གཡོས་ཀྱང༌།
ཟུང་གཅིག་གཟུགས་སྐུའི་བཀོད་པས་འགྲོ་བ་ཀུན།
ཚེ་གཅིག་རྒྱལ་བའི་ས་ལ་འགོད་མཛད་པའི།
སྐྱབས་གཅིག་འཁོར་ལོའི་མགོན་པོ་ཞབས་བརྟན་གསོལ།

ཚོགས་གཉིས་རྒྱ་མཚོའི་རྦ་རླབས་དགུང་དུ་འཕྱོ།
མཁྱེན་གཉིས་རྟོགས་པའི་གཏིང་མཐའ་བསམ་ལས་འདས།
སྐུ་གཉིས་ནོར་བུའི་མཛོད་ལ་དབང་གྱུར་པའི།
རྣམ་གཉིས་བསྟན་པའི་མངའ་བདག་ཞབས་བརྟན་གསོལ།

བསྐལ་གསུམ་ཚོགས་རབ་བསགས་པའི་རྒྱུ་ཉིད་ལས།
སྐུ་གསུམ་འབྲས་བུའི་དཔལ་གྱིས་འགྲོ་རྣམས་ཀུན།
དུས་གསུམ་གཡེལ་མེད་སྐྱོང་བའི་མགོན་གཅིག་པུ།
མཆོག་གསུམ་ངོ་བོ་གཅིག་འདུས་ཞབས་བརྟན་གསོལ།

གླིང་བཞི་ལྷོ་ཕྱོགས་འཛམ་གླིང་ཡང་ཐོག་ཏུ།
ལུགས་བཞི་བསྟན་པའི་ཕྱི་མོ་སྔ་འགྱུར་བའི།
རྣམ་བཞི་བསྟན་འཛིན་དབུས་སུ་ངུར་སྨྲིག་གར།
སྡེ་བཞི་དཔལ་གྱི་དབང་ཕྱུག་ཞབས་བརྟན་གསོལ།

ཉོན་མོངས་ལྔ་ཡིས་རང་མཚང་ཕྱིར་ཐོན་པའི།
སྙིགས་མ་ལྔ་བདོའི་དུས་ཀྱི་གདུལ་བྱ་རྣམས།
ཕྲིན་ལས་ལྔ་ཡི་མཛད་པས་རབ་བཏུལ་ཏེ།
འགྲོ་བ་ལྔ་ཡི་རྒྱུན་གཅོད་ཞབས་བརྟན་གསོལ།

ཕྱིན་དྲུག་སྤྱོད་ལམ་རིང་ནས་གོམས་པའི་མཐུས།
རིགས་དྲུག་འཁོར་བའི་འགྲོ་ལ་སྙིང་རྗེ་ཡིས།
དུས་དྲུག་བརྩོན་པའི་གོ་ཆ་རབ་གྱོན་ཏེ།
ཐབས་དྲུག་སྦྱོར་བར་དབང་ཁྱེད་བརྟན་གསོལ།

འཕགས་ནོར་བདུན་གྱི་དཔལ་གྱིས་རབ་ཕྱུག་པའི།
གཏད་རབས་བདུན་ནས་རིམ་བརྒྱུད་བསྟན་པའི་གཞི།
སོ་ཐར་བདུན་གྱི་རྒྱུད་འཛིན་ཤཱཀྱའི་སྲས།
རབས་བདུན་རྒྱལ་བའི་རྒྱལ་ཚབ་ཞབས་བརྟན་གསོལ།

སྡུག་བསྔལ་བརྒྱད་ཀྱི་མེ་འོབས་རབ་འབར་བའི།
ཆོས་བརྒྱད་བདུད་ཀྱི་བཙོན་རར་ཉམ་ཐག་འགྲོ།
སྤྲོས་བརྒྱད་ཞགས་པས་བཅིངས་རྣམས་སྒྲོལ་བའི་མགོན།
རིག་གྲོལ་ཡོན་ཏན་བརྒྱད་ལྡན་ཞབས་བརྟན་གསོལ།

མཁས་ཚུལ་རྣམ་དགུའི་དཀྱིལ་འཁོར་ཡོངས་རྫོགས་ལས།
ཐེག་པ་རིམ་དགུའི་ཆོས་ཀྱི་བསིལ་ཟེར་གྱིས།
བསྐལ་ལྡན་སྐྱེ་དགུའི་ཀུ་མུད་སྐྱེད་མོས་ཚལ།
སྐྱོང་མཁས་ཐེག་དགུའི་མངའ་བདག་ཞབས་བརྟན་གསོལ།

ཕར་ཕྱིན་རྣམ་བཅུའི་ཐེམ་སྐས་ཡོངས་བརྒལ་ཏེ།
རྟོག་རིགས་ས་བཅུའི་ཁང་ཐོག་ཀུན་ཀྱི་རྩེ།
རྒྱལ་སྲས་དབང་བཅུའི་ནོར་གྱི་བང་མཛོད་ལས།
མི་འཇིགས་སྟོབས་བཅུའི་དཔལ་དབང་ཞབས་བརྟན་གསོལ།

གྲུབ་བརྙེས་རྒྱལ་བའི་གོ་འཕང་མཐོར་གཤེགས་པའི།
རིག་འཛིན་རྣམ་བཞིའི་དབང་པོ་རྒྱལ་བའི་སྲས།
པདྨ་འབྱུང་གནས་གངས་ཅན་མགོན་གཅིག་པུའི།
རྒྱལ་ཚབ་ཡིད་བཞིན་ནོར་བུ་ཞབས་བརྟན་གསོལ།

མདོར་ན་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས།
རྒྱལ་ཁྲིམས་འཇིགས་ཤིང་ཕྱོགས་རིས་འཁྲུག་ལོང་གིས།
ངེས་མེད་མནར་བའི་དུས་འདིར་འགྲོ་བའི་མགོན།
གཞན་ལས་ཁྱད་འཕགས་མཚོ་སྐྱེས་རྒྱལ་བའི་ཚབ།

ཐུགས་རྗེ་ནུས་མཐུ་ལྷག་པར་བཙན་པ་ཁྱེད།
འབྲལ་མེད་བདག་ཅག་འགྲོ་བའི་མགོན་དཔུང་དུ།
འཆི་མེད་རྡོ་རྗེའི་ངོ་བོར་རྟག་བཞུགས་ནས།
ཕན་བདེའི་འོད་སྟོང་ཕྱོགས་བཅུར་འགྱེད་པར་མཛོད།། 
སྤྱི་ལོ་ཟླ་ཚེས་ ༢༠༠༤-༡༡-༢༥ ཉིན།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...