Saturday, May 1, 2004

ཀ་རྩོམ་མི་དྲན་དགུ་དྲན།

༄༅། །ཀ་ཋཱ་མཎྜུའི་ཤར་ཕྱོགས་གཤོང་རོང་གི་རྫོང་ཆེན། །ཁ་བ་རི་དང་བལ་པོའི་ས་མཚམས་ཀྱི་ཉེ་འགྲམ། །ག་བུར་རྡུལ་བརྩེགས་རི་ཡི་ཕུ་མདའ་རུ་ཆགས་པའི། །ང་ཡི་ཕ་ས་སྐྱིད་པའི་ཡུལ་ལྗོངས་དེ་དྲན་བྱུང་། །ཅ་ཅོའི་རྩེད་འཇོར་རོལ་པའི་བྱིས་དུས་ཀྱི་སྣང་བ། །ཆ་ཚམ་བརྗེད་མེད་ད་དུང་ཡིད་ཡུལ་ན་འཁོར་ཚེ། །ཇ་མར་རྩམ་སོགས་བཅུད་ལྡན་ཟས་ཕུད་ཀྱིས་སྐྱོང་བའི། །ཉ་གང་འཛུམ་ལྡན་དྲིན་ཅན་ཕ་མ་དེ་དྲན་བྱུང་། །ཏ་ལི་ནགས་ཀྱིས་གང་བའི་ལྷོ་ཕྱོགས་ཀྱི་ཡུལ་དུ། །ཐ་ཤལ་རི་སྤྱང་བཞིན་དུ་འཁྱམས་པ་ཡི་བུ་ངས། །ད་རེས་ཡུལ་གྱི་གནས་ཚུལ་རབ་རོབ་ཙམ་གོ་ཚེ། །ན་ལོ་ཆུང་བའི་སྤུན་རྣམས་བློ་ཡུལ་དུ་དྲན་བྱུང་། །པ་ལོ་དུང་ལྟར་དཀར་བའི་རྒན་རྒོན་གྱི་ཚོགས་རྣམས། །ཕ་གཅིག་ཨོ་རྒྱན་པདྨའི་གསོལ་འདེབས་དེ་སྐྱོར་བཞིན། །བ་སོའི་ཕྲེང་བ་འདྲེན་གྱིན་མཆོད་སྐོར་ལ་འགྲིམ་ཚེ། །མ་གཅིག་ན་ཚོད་ཡོལ་བའི་ཨ་མ་དེ་དྲན་བྱུང་། །ཙ་རི་གནས་བཟང་སྐོར་བའི་གོ་སྐབས་དེ་དོར་ནས། །ཚ་རོང་རྒྱ་གར་ཡུལ་དུ་སྐོར་བ་ལ་གཡེངས་ཏེ། །ཛ་དྲག་ཚེ་འདིར་མཁོ་བའི་ཡོན་ཏན་དེ་དབེན་ཀྱང་། །ཝ་སྐྱེའི་ཟློས་གར་མཁས་པའི་གྲོགས་པོ་དེ་དྲན་བྱུང་། །ཞྭ་ལྟར་མཁས་ལ་བཀུར་ཞིང་དམན་ཕྱོགས་ལ་བྱམས་བརྩེས། །ཟ་འཐུང་ཆོག་ཤེས་ལྡན་པའི་འཚོ་བ་ལ་རོལ་ཏེ། །འ་འུར་ཛ་ལང་སྤྱོད་ལ་ཕྱིར་ཕྱོགས་ཀྱི་ངང་ནས། །ཡ་རབས་གྲལ་དུ་འཁོད་པའི་གྲོགས་པོ་དག་དྲན་བྱུང་། །ར་མ་ལུག་གི་ཆས་དང་ཁ་སྐད་ལ་མཁས་ཤིང་། །ལ་ལུང་གྲངས་མེད་བརྒལ་ནས་ཕྱི་རྒྱལ་ལ་སླེབས་ཚེ། །ཤ་ཚ་ཕ་མའི་ཕྱོགས་ལ་ཕྱི་མིག་ཙམ་མེད་པར། །ས་མཐར་འཁྱམས་པའི་དྲིན་ལན་ལོག་འཇལ་དག་དྲན་བྱུང་། །ཧ་ཧ་སྒོར་མོར་བརྔམས་ཏེ་རིག་གཞུང་དང་ཆོས་ལུགས། །ཧ་ཡོ་ཕངས་མེད་འདོར་བའི་བླུན་པོ་ཡི་ཚོགས་རྣམས། །ཧ་རེ་རང་མགོ་གཞན་གྱིས་བསྐོར་པ་ཡི་འོག་ཏུ། །ཧ་ཧ་རང་ཉིད་སྤྱང་པོར་རློམ་མཁན་དག་དྲན་བྱུང་། །ཨ་ཧོ་ངོ་མཚར་སྤྱི་ཚོགས་གསར་པ་ཡི་ཁྲོད་དུ། །ཨ་སྒོར་ལྗང་གུ་ཡོད་ན་མི་རིགས་དང་རིག་གཞུང་། །ཨ་ཙི་སྣབས་ལུད་འདོར་བའི་ཉམས་ཚོད་ཀྱང་མེད་འདི། །ཨ་ཁ་བསམས་ན་སྙིང་རླུང་ལྡང་རྒྱུ་རུ་དྲན་བྱུང་།། །།ཕྱི་ལོ་ ༢༠༠༤ ཟླ་བ་ ༠༥ ཚེས་ ༠༡? ཉིན།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...