Saturday, January 24, 2004

ཀ་རྩོམ་ལུགས་ལྡོག་མའི་དཔེར་བརྗོད།

༄༅། །ཨ་ཙི་ལས་ཀྱིས་སྤྲུལ་པའི་འཇིག་རྟེན་གྱི་གླིང་དུ། །ཧ་ལས་སྒྱུ་མའི་འཁྲུལ་སྣང་སྣ་ཚོགས་ལས་བྱུང་བའི། །ས་གནས་ཕྱི་ཡི་འཇིག་རྟེན་མཛེས་སྡུག་གི་སྟེང་ན། །ཤ་ཁྲག་སྒེར་གྱི་ལུས་རྟེན་སྣ་ཚོགས་རེ་འདུག་གོ །ལ་ལུང་ཕྱི་སྣོད་བཀོད་པའང་ལས་སྣང་དང་མཐུན་པར། །ར་རི་སེམས་ཀྱི་འཁྲུལ་སྣང་དག་མ་དག་དབང་གིས། །ཡ་མ་བརླ་ཡི་དོན་ལ་ཡག་སྡུག་གི་རྣམ་པ། །འ་ཅག་འགྲོ་བའི་སྣང་ཚུལ་མི་མཐུན་རེ་འདུག་གོ །ཟ་འཐུང་བདེ་སྐྱིད་དམིགས་ཡུལ་གཙོ་ཆེ་རུ་བཟུང་སྟེ། །ཞ་ར་ཞ་བོ་ཡན་ཆད་ཟ་ཟི་ཡི་ལས་ལ། །ཝ་ལེར་དྲན་དང་ལྷན་ཅིག་བྲེལ་འཚུབ་ངང་སྒྲུབ་ཀྱང་། །ཛ་དྲག་ཕྱི་མའི་དོན་དེ་དཀའ་མོ་རང་འདུག་གོ །ཚ་གྲང་ན་རཀ་ཡུལ་སོགས་ངན་འགྲོ་ཡི་གླིང་དུ། །ཙ་ར་བཅད་སོགས་མི་འདོད་སྡུག་བསྔལ་གྱི་མནར་གཅོད། །མ་གྱུར་མཁའ་མཉམ་འགྲོ་ལ་མྱོང་འདོད་དེ་མེད་ཀྱང་། །བ་ཐག་ལས་ཀྱིས་བཅིངས་ཚེ་ཐབས་མེད་རང་འདུག་གོ །ཕ་མཐའ་གྲངས་མེད་འགྲོ་ཀུན་ཐོག་མེད་ནས་ད་བར། །པ་ལགས་ཨ་མར་མ་གྱུར་གཅིག་མེད་དུ་ཡིན་ཀྱང་། །ན་ཚ་དུག་གསུམ་རྐྱེན་གྱིས་དགྲ་གཉེན་དུ་འཁྲུལ་ནས། །ད་བར་ཆགས་སྡང་ཕྱོགས་རིས་ངོ་ཤེས་རང་དཀའ་འོ། །ཐ་ཆད་བདག་སོགས་འགྲོ་རྣམས་དུག་གསུམ་གྱིས་མྱོས་ཏེ། །ཏ་ལེར་དྲན་ཚད་མི་དགེ་ཁོ་ན་རང་སྤྱོད་པས། །ཉ་གར་དགེ་སྡིག་འཇལ་བའི་ཆོས་རྒྱལ་དང་ཕྲད་ཚེ། །ཇ་ཆང་ཟང་ཟིང་ནོར་གྱིས་སླུ་ཐབས་ནི་མི་འདུག །ཆ་ལུགས་མི་གར་རོལ་པ་འདི་ཕྱི་ཡི་སྐྱབས་མགོན། །ཅ་རེ་ཐུགས་རྗེའི་སྤྱན་ཟུང་གཡོ་མེད་ཀྱི་ངང་ནས། །ང་དང་ང་འདྲའི་ཐ་ཆད་མཁའ་མཉམ་གྱི་འགྲོ་ལ། །ག་ན་བཞུགས་ཀྱང་ཐུགས་རྗེས་གཡེལ་མེད་དུ་གཟིགས་དང་། །ཁ་དོག་ཡེ་ཤེས་འོད་ལྔའི་གུར་ཁྱིམ་གྱི་ཀློང་དཀྱིལ། །ཀ་དག་གདོད་མའི་རྒྱལ་ས་སྤྲོས་མེད་ཀྱི་ཞིང་དེར། །ནམ་ཞིག་མ་གྱུར་དུས་གསུམ་ཕ་མ་དང་ལྷན་དུ། །གདོད་མའི་མགོན་པོར་མཇལ་བའི་སྨོན་འདུན་ཞིག་ཞུ་འོ།། །།
ཕྱི་ལོ་ ༢༠༠༤ ཟླ་བ་ ༠༡ ཚེས་ ༢༤ རེས་གཟའ་སྤེན་པ།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨–༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་པའི་ཞིང༌། །རྟག་ཏུ་མི...