Thursday, July 10, 2003

བསྟོད་ཚིག་ཁུ་བྱུག་སྔོན་མོའི་མགྲིན་གླུ།

༄༅། །ཀ་དག་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་གི་ཕྱོགས་ནས།།
ཁ་བ་རི་བའི་གདུལ་བྱར་བསམ་བཞིན་དུ་བྱོན་པའི།།
ག་བུར་ཚུལ་ཁྲིམས་དྲི་འཐུལ་རྩ་གསུམ་གྱི་ངོ་བོ།།
ང་ཡི་སྤྱི་གཙུག་བདེ་ཆེན་འཁོར་ལོ་ཡི་མངའ་བདག།

ཅ་ཅོ་མི་མངའི་གསུང་མཆོག་འགྲོ་ཀུན་ལ་སྟོན་ཞིང༌།།
ཆ་ལུགས་ངེས་མེད་གང་འདུལ་བསམ་བཞིན་དུ་སྤྲུལ་ནས།།
ཇ་ཡུན་ཙམ་ཡང་ལྷོད་མེད་འགྲོ་དོན་ལ་བརྩོན་པའི།།
ཉ་གང་འཛུམས་ལྡན་དགྲ་གཉེན་རིས་མེད་ཀྱི་ཕ་མ།།

ཏ་ཐཱ་ག་ཏའི་རིང་ལུགས་སྲིད་གསུམ་ན་བསྒྲེངས་ཤིང༌།།
ཐ་དད་འགྲོ་བའི་བློ་ངོར་གང་འཚམས་ཀྱིས་ངང་ནས།།
ད་ལྟ་མ་འོངས་དུས་གསུམ་འཁོར་བ་ཡི་སྡུག་བསྔལ།།
ན་ཀྲའི་གྲོང་ནས་འགྲོ་ཀུན་འདྲེན་བྱེད་ཀྱི་དེད་དཔོན།།

པ་ཐུར་བཞིན་དུ་ལྟ་ངན་རི་རྩེ་ལ་གནས་པའི།།
ཕ་རོལ་རྒོལ་བའི་ལོག་རྟོག་ལྷག་མེད་དུ་བཅོམ་སྟེ།།
བ་ལ་ཧ་བཞིན་རིགས་དྲུག་སྲིན་པོ་ཡི་གླིང་ནས།།
མ་རྒན་ཞིང་དུ་འདྲེན་མཛད་རྟ་མཆོག་གི་རྒྱལ་པོ།།

ཀྲ་བཞིན་དུ་རྣམ་ཀུན་ལས་ཉོན་གྱི་དབང་ལས།།
ཚ་གྲང་འཁོར་བའི་གནས་འདིར་དབང་མེད་དུ་འཁོར་བའི།།
ཛ་དྲག་འགྲོ་བའི་དོན་ཕྱིར་འཁོར་བ་ཡི་གནས་འདིར།།
ཝ་ལེར་བྱོན་མཛད་མ་འདྲིས་འགྲོ་ཀུན་ཀྱི་མཛའ་བཤེས།།

ཞ་ར་ཐང་དཀྱིལ་ལུས་འདྲའི་འགྲོ་དྲུག་གི་སེམས་ཅན།།
ཟ་རྒྱག་སྤྱོད་གསུམ་ཙམ་ལ་བདེ་བ་རུ་རློམ་སྟེ།།
འ་ཆད་འཁོར་བའི་སྡུག་བསྔལ་བར་མེད་དུ་མྱོང་རྣམས།།
ཡ་ང་འཁོར་བའི་འཕྲང་ནས་འདྲེན་བྱེད་ཀྱི་ཕོ་ཉ།།

ར་ལང་ཆ་ལང་ཚུལ་མིན་སྤྱོད་པ་ལ་གཡེངས་ཏེ།།
ལ་ཐིགས་བཅད་འདྲའི་སྡུག་མྱོང་རིགས་དྲུག་གི་ཕ་མ།།
ཤ་ཁྲག་གཅིག་གི་སྤུན་བཞིན་བྱམས་བརྩེ་ཡིས་སྐྱོང་མཁན།།
ས་ཐོབ་བྱང་སེམས་རིགས་དྲུག་སེམས་ཅན་གྱི་མགོན་གཅིག།

ཧ་ཅང་མི་སྡུག་མ་དག་ངན་སོང་གི་ཡུལ་ལའང༌།།
སྟི་མཚོ་ལ་འཇུག་པའི་བརྟུལ་ཞུགས་ཀྱི་ངང་ནས།།
ཧ་ལས་ལུས་སྲོག་ལྟོས་མེད་གཞན་དོན་ལ་བརྩོན་སོགས།།
ཧ་ཅང་བློ་ལས་འདས་པའི་མཛད་ཕྲིན་གྱི་མཐའ་འདི།།

ཨ་སྡུག་བུ་ངས་ལྟ་ཅི་དུས་གསུམ་གྱི་རྒྱལ་བས།།
ཨ་མཚར་ལྗགས་ཀྱི་དབང་པོས་བསྐལ་པ་ཡི་བར་དུ།།
ཨ་ལ་ཆོས་ཕུང་བརྒྱད་ཁྲིའི་ངང་ཚུལ་དུ་བརྗོད་ཀྱང༌།།
ཨ་ཧོ་བརྗོད་མཐའ་ཟིན་པའི་མཐར་འབྲས་དེ་ནམ་ཞིག།
ཕྱི་ལོ་ ༢༠༠༣ སྟོན་པའི་འདས་ལོ་ ༢༥༤༧ རབ་བྱུང་ ༡༧ ཆུ་ལུག་ལོའི་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པར་དགེ་རྒན་དཔལ་ལྡན་བློ་གྲོས་མཆོག་ནས་འཛིན་རིམ་གསུམ་པའི་སློབ་ཚན་སྙན་ངག་མེ་ལོང་མའི་བཤད་པ་ཟུར་ཁྲིད་གནང་བའི་སྐབས་སུ། བཀའི་སྐུལ་མ་སྤྱི་བོར་སོན་པ་བཞིན་བཤེས་གཉེན་གང་གི་སློབ་བུའི་གྲལ་མཐར་གཏོགས་པ་ཤར་ཕྲུག་ཚེ་རིག་པས་སུག་ལས་སུ་བསྟར་པ་དགེའོ།། །།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...