Monday, December 10, 2007

བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་སྙིང་བསྡུས་སུ་བཀོད་པ་སྐལ་བཟང་རྣ་བའི་བདུད་རྩི།

༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ཡེ། བསྐལ་བཟང་འདི་ན་གྲངས་མེད་རྣམ་གསུམ་གྱི། །ཚོགས་གཉིས་མཐར་ཕྱིན་འདྲེན་པ་སྟོང་རྩ་ལས། །མཆོག་གྱུར་ཐུབ་དབང་རྣམ་འདྲེན་བཞི་པ་ལ། །སྒོ་གསུམ་དད་པས་གཏན་གྱི་སྐྱབས་སུ་བསྟོད། །ཨེ་མ་ནོར་འཛིན་ལྷ་མོའི་སྤྱི་བོ་རུ། །ངོ་མཚར་གངས་རིའི་པྲོག་ཞུ་མཛེས་པའི་དཀྱིལ། །རབ་མཛེས་གཙུག་གི་ཏོག་ལྟར་མངོན་འཕགས་པའི། །བསིལ་ལྡན་ས་ལའི་སྨན་ལྗོངས་ཉམས་དགའ་བར། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན་པ་ལ། །དྲང་སྲོང་ཆེན་པོའི་གསུང་གིས་རབ་བསྔགས་པ། །རྒྱལ་ཀུན་སྙིང་རྗེའི་བདག་ཉིད་པད་དཀར་འཆང༌། །མཐར་འབྲས་བྱང་ཆུབ་ཐོབ་ཀྱང་སྤྱི་བོར་བསྙེན། །
    ཁྱད་པར་སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་མཐུས། །ལུང་རྟོགས་ཆོས་ཀྱི་སྣང་བས་བྷོ་ཊའི་ཡུལ། །ཀུན་ནས་སྣང་བྱེད་མཁན་སློབ་ཆོས་རྒྱལ་སོགས། །བཀའ་དྲིན་དྲན་བཞིན་བསྟོད་དོ་ཐུགས་རྗེས་སྐྱོངས། །དེང་འདིར་སྲིད་ན་ཉི་ཟླའི་གྲགས་པ་ཡང༌། །མོག་པོར་བྱེད་ལ་གཅིག་ཏུ་བསྔགས་འོས་པའི། །རབ་འབྱམས་རྒྱལ་བའི་ཐུགས་རྟེན་ཀུན་ཀྱི་གཙོ། །བྱ་རུང་ཁ་ཤོར་ལོ་རྒྱུས་མདོར་བསྡུས་ཙམ། །ཁུངས་ལྡན་ལོ་རྒྱུས་སྣང་བརྙན་གཞིར་བཅོལ་ཏེ། །དད་ལྡན་སྐྱེ་འགྲོའི་སྤྱན་སྔར་བསྟར་བ་ལ། །སོར་མོའི་འཕྲུལ་གྱི་འདུ་བྱེད་གཡོ་བ་འདིར། །རྩ་གསུམ་སྐྱབས་གནས་དམ་པས་ཤིས་པར་མཛོད། །
    ཅེས་ཕྱིན་དྲུག་གི་གྲངས་དང་ལྡན་པར་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཐོག་མར་དགེ་བའི་འཇུག་སྒོ་ལེགས་པར་ཕྱེ་སྟེ་འདིར་གང་ཞིག་གླེང་བར་བྱ་བ་ནི།  དེ་ཡང་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས་ཇི་སྐད་གསུངས་པ་ལྟར། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཀུན་ཀྱི་ཐུགས་གཉིས་སུ་མེད་པའི་བདག་ཉིད་ཆོས་ཀྱི་སྐུའི་རྟེན་མཆོག་བལ་ཡུལ་མཆོད་རྟེན་ཆེན་མོ་རྣམ་གཉིས་ཞེས་གོ་ལའི་ཁྱོན་འདིར་ཉི་ཟླ་ལྟར་གྲགས་པའི་ཡ་གྱལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་རམ་དེང་དུས་མ་ཧཱ་བཽདྡྷ་ཞེས་འགྲོ་བ་ཀུན་ཀྱི་ཕན་བདེའི་ལེགས་ཚོགས་འཛད་མེད་དུ་འཇོ་བས་འཇོག་པོའི་གཙུག་རྒྱན་དང་ལྷའི་དཔག་བསམ་ལྗོན་པས་ཀྱང་འགྲན་དུ་མེད་པའི་རྟེན་མཆོག་ཁྱད་པར་ཅན་འདི་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཙམ་གླེང་བར་བྱེད་པ་ལ།

༈  དང་པོ། མཆོད་རྟེན་ཆེན་མོ་ཕྱག་འདེབས་པ་པོ་ཡུམ་བདེ་མཆོག་མའི་སྐྱེས་རབས་མདོ་ཙམ་གླེང་བ།
    དེ་ཡང་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པའི་དྲུང་དུ་དུས་གསུམ་རྒྱལ་བ་ཀུན་ཀྱི་ཐུགས་སྙིང་རྗེ་ཆེན་པོའི་བདག་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་ཐམས་ཅད་འཁོར་བའི་འདམ་ལས་བསྒྲལ་བར་སྨོན་ལམ་བཏབ་ནས་ཁམས་གསུམ་འཁོར་བའི་འགྲོ་བ་དཔག་ཏུ་མེད་པ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་མཛད་ཅིང༌། ནམ་ཞིག་ཕོ་བྲང་རི་བོ་པོ་ཊ་ལའི་རྩེར་བྱོན་ནས་ད་ནི་འཁོར་བར་སེམས་ཅན་གཅིག་ཀྱང་མེད་དོ་སྙམ་ནས་གཟིགས་པས། རིགས་དྲུག་གི་གནས་སུ་སེམས་ཅན་རྣམས་ཆང་འགག་གི་སྦང་མ་ལྟ་བུ་ད་དུང་ཉུང་དུ་མ་སོང་བར་གཟིགས་པས་རྐྱེན་བྱས་ཏེ། ད་ནི་སེམས་ཅན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་མི་ནུས་སོ་དགོངས་ཏེ་ཐུགས་སྐྱོ་བས་སྤྱན་ཆབ་ཤོར་བ་ན། སྤྱན་ཆབ་ཀྱི་ཐིགས་ཕྲེང་གཉིས་སྲིན་ལག་གཉིས་པོས་གཏོར་ནས། མ་འོངས་པའི་དུས་སུ་མིག་ཆུ་འདིས་ཀྱང་འགྲོ་བའི་དོན་བྱེད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ།།
    དེ་ལྟར་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་བདེན་ཚིག་གྲུབ་པའི་སྨོན་ལམ་གྱི་མཐུས་སྤྱན་ཆབ་ཀྱི་ཐིགས་ཕྲེང་དེ་གཉིས་ལས་སུམ་ཅུ་རྩ་གསུམ་དུ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྲས་མོ་ལྷའི་བུ་མོ་གང་མ་དང་གང་ཆུང་མ་ཞེས་བྱ་བ་འཁྲུངས་ཤིང༌། དེ་ནས་དུས་ནམ་ཞིག་གི་ཚེ་ན་ལྷའི་བུ་མོ་གང་ཆུང་མས་ལྷའི་མེ་ཏོག་བརྐུས་པས་ལྷའི་ཚུལ་ཁྲིམས་ལས་རྣམ་པར་ཉམས་ཤིང་མིའི་གནས་རིས་བལ་པོ་མ་གུ་ཏའི་ཡུལ་གྲུ་རུ་ཕ་བྱ་རྫི་གསལ་བ་དང༌། མ་བྱ་རྫི་མ་པུརྞ་ཞེས་བྱ་བའི་བུ་མོ་བྱ་རྫི་མ་བདེ་མཆོག་མ་ཞེས་བྱ་བར་སྐྱེས་སོ།།

༈ གཉིས་པ། ཡུམ་བདེ་མཆོག་མས་རྒྱལ་པོར་ས་བསླངས་རྗེས་བུ་བཞི་དང་ལྷན་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་རྨང་གཞི་ཇི་ལྟར་བཏིང་བའི་སྐོར།
    དེ་ནས་ཕ་མ་གཉིས་ཀྱི་འཚོ་ཐབས་དང་མཐུན་པར་བདེ་མཆོག་མས་ཡུན་རིང་བྱ་འཚོ་བའི་ལས་ལ་བརྩོན་ཞིང༌། ནམ་ཞིག་གི་ཚེ་ཡུམ་བྱ་རྫི་མ་འདི་ཉིད་རིགས་ངན་གྱི་སྐྱེ་བ་བཞི་སྟེ། དང་པོ་རྟ་རྫི། གཉིས་པ་ཕག་རྫི། གསུམ་པ་ཁྱི་རྫི། བཞི་པ་བྱ་རྫི་དང་ལྷན་དུ་བཤོས་པས་བུ་བཞི་སྐྱེས་པ་ལ། རྟ་རྫིའི་བུ་དང༌། ཕག་རྫིའི་བུ། ཁྱི་རྫིའི་བུ། བྱ་རྫིའི་བུ་ཞེས་གྲགས་སོ། །དུས་ཡུན་རིང་པོའི་བར་བྱ་རྫི་མས་བྱ་འཚོས་པའི་གླ་བསགས་པས་བུ་བཞི་ཡང་ཁྱིམ་རབ་ཐང་དུ་ཕོག སླར་ཡང་གླའི་ལྷག་མ་བསགས་པས་ནོར་མང་དུ་བྱུང་ཞིང༌། ཡུམ་གྱི་བསམ་པར། ནོར་མང་པོ་རྙེད་པ་འདི་ཀུན་ལ་སྙིང་པོ་ལེན་པའི་ཕྱིར་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་མཚོན་པར་བྱེད་པའི་རྟེན་བཟང༌། ང་རང་གི་ཡི་དམ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན། འགྲོ་བ་དཔག་ཏུ་མེད་པས་བསོད་ནམས་བསག་པའི་ཞིང་མཆོག་ཏུ་མཆོད་རྟེན་ཆེན་མོ་ཞིག་བཞེངས་པར་བྱའོ་དགོངས་ཏེ། ཐོག་མར་ཡུལ་གྱི་རྒྱལ་པོ་ལ་ས་སློང་བའི་ཞུ་བ་ཕུལ། རྒྱལ་པོ་ཆེན་པོས་ཀྱང་མ་བརྟགས་པར་བཀའ་མི་སྩོལ་པས་རེ་ཞིག་ཐུགས་མཉམ་པར་བཞག་ནས་གཟིགས་པས། མོ་དབུལ་མོ་བྱ་རྫི་མ་གཅིག་གིས་བྱ་འཚོས་པའི་གླ་བསགས་པས་ཕ་མི་གཅིག་པའི་བུ་བཞི་ཡང་ཁྱིམ་རབ་ཐང་དུ་ཕོག གླ་ཡི་ལྷག་མ་བསགས་པས་ཀྱང་མཆོད་རྟེན་རྒྱ་ཆེན་པོ་བཞེངས་པ་ངོ་མཚར་ཆེ་དགོངས་ཏེ། དེ་ལྟར་བྱ་རུ་རུང༌། ཞེས་བཀའ་གནང་བས། ཡུམ་བྱ་རྫི་མ་ཤིན་ཏུ་དགའ་སྟེ་རྒྱལ་པོ་ཆེན་པོར་ཕྱག་བཙལ་ཅིང་སྐོར་བ་བྱས་ཏེ་སླར་ནང་དུ་ལོག་གོ།
    དུས་དེ་ནས་བཟུང་མོ་རང་དང་བུ་སྤུན་བཞི། བྲན་གཡོག་གཅིག་བཅས་ལས་མི་དྲུག་པོས་གླང་པོ་ཆེ་གཅིག་དང་བོང་བུ་གཅིག་ཡོད་པ་དེ་ལ་སོ་ཕག་བཀལ་ཅིང་མཆོད་རྟེན་ཆེན་པོའི་རྨང་བཏིང༌། མུ་མཐུད་དེ་བརྩིགས་པས་མཆོད་རྟེན་གྱི་རྩིག་པ་ཁྲི་འཕང་གསུམ་དུ་སླེབ་པའི་ཚེ་ཡུལ་མི་རྣམས་ཁ་འཆམ་སྟེ། མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་འདི་ཙམ་གྱི་མཆོད་རྟེན་བཞེངས་ན། རྒྱལ་པོ་དང༌། བློན་པོ་དང༌། ཕྱུག་པོ་དང་མི་དྲག་རྣམས་ཀྱིས་ཇི་ལྟ་བུའི་མཆོད་རྟེན་བཞེངས། འདི་ཀུན་ལ་བརྙས་པ་ཡིན་པས་གོང་མ་རྣམས་ཀྱི་མཚན་གནས་ལ་གནོད་པར་འགྱུར་བས་མི་རུང་ངོ་ཞེས་ཐམས་ཅད་གྲོས་མཐུན་ཏེ་རྒྱལ་པོའི་དྲུང་དུ་འཚོགས་ནས་ཞུས་པ།
    ཀྱཻ་རྒྱལ་པོ་ཆེན་པོ་ལགས། ཁྱེད་ལ་ཐུགས་ནོར་བ་ཆེན་པོ་ཞིག་མངའ། མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་མཆོད་རྟེན་འདི་ལྟ་བུ་བཞེངས་ན་ཁྱེད་རྒྱལ་པོ་དང༌། བློན་པོ་དང༌། ཕྱུག་པོ་ལ་སོགས་པ་དྲག་པ་ཀུན་ཀྱིས་དགེ་རྩ་ལ་མཆོད་རྟེན་ཇི་ལྟ་བུ་ཞིག་བཞེངས། འདི་རྩིག་ཏུ་བཅུག་ན་རང་རེ་ཀུན་ལ་གནོད་པས། ས་རྡོ་རྣམས་རང་གནས་སུ་བསྐྱལ་ཏེ་རྩིག་ཏུ་མི་འཇུག་པ་འཐད་དོ། །ཞུས་པས།
    རྒྱལ་པོ་ཆེན་པོས་བཀའ་སྩལ་པ། ཁྱེད་རྣམས་ཐམས་ཅད་ལེགས་པར་ཉོན་ཅིག མོ་དབུལ་མོ་བྱ་རྫི་མ་གཅིག་གིས་བྱ་འཚོས་པའི་གླ་བསགས་པས་ཀྱང་ཕ་མི་གཅིག་པའི་བུ་བཞི་ཁྱིམ་རབ་ཐང་དུ་ཕོག གླའི་ལྷག་མ་བསགས་པ་ལའང་རྟེན་མཆོག་འདི་ལྟ་བུ་བཞེངས་པ་ངོ་མཚར་རེ་ཆེ་བསམས་ནས་བྱ་རུང་ཟེར་བ་ཁ་ནས་ཤོར། རྒྱལ་པོའི་སྨྲས་པ་ལན་གཅིག་ཡིན་པས་བཟློག་ཐབས་མ་མཆིས་སོ། །ཞེས་གསུངས་པས་གཞན་རྣམས་ཀྱིས་བཀག་ཀྱང་མ་ཁེགས་པར་མུ་མཐུད་དེ་བརྩིགས་པས་མཆོད་རྟེན་གྱི་མཚན་ཡང་བྱ་རུང་ཁ་ཤོར་དུ་གྲགས་སོ།།

༈ གསུམ་པ། མཆོད་རྟེན་ཆེན་བཞེངས་པའི་ཕན་ཡོན་གྱིས་ཡུམ་བྱ་རྫི་མ་མངོན་པར་རྫོགས་པ་སངས་རྒྱས་རྗེས་སུ་བུ་སྤུན་བཞིས་ལས་འཕྲོ་བསྒྲུབས་ཏེ་རབ་ཏུ་གནས་པ་ཇི་ལྟར་མཛད་པའི་སྐོར།
དེ་ལྟར་དབྱར་དགུན་མ་ཆད་པར་བརྩིགས་པས་ལོ་བཞི་ལ་བུམ་པ་མན་ཆད་ལེགས་པར་གྲུབ་མཚམས་སུ་ཡུམ་བདེ་མཆོག་མ་དེས་རང་ཉིད་ལས་འདའ་བ་ཤེས་ཏེ། བུ་བཞི་དང་གཡོག་སྟེ་ལྔ་ལ་སྨྲས་པ། ཁྱེད་རྣམས་ཀྱིས་ངའི་ཡི་དམ་འགྲོ་བ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་བསོད་ནམས་བསག་པའི་ཞིང་མཆོག་ཏུ་གྱུར་པའི་མཆོད་རྟེན་འདི་ཉིད་མཐའ་གྲུབ་པར་བགྱིས་ལ། འདིའི་གཟུངས་སུ་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་སུ་གསོལ་ཏེ་རབ་ཏུ་གནས་པ་རྒྱ་ཆེན་པོ་གྱིས་ཤིག དེ་ལྟར་བྱས་ན་ངའི་བསམ་པ་རྫོགས་ཤིང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའང་ཡོངས་སུ་རྫོགས་པས། ཁྱེད་རང་རྣམས་ཀྱིས་ཀྱང་འདི་ཕྱིའི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །ཞེས་མཐའ་མའི་ཞལ་ཆེམས་བཞག་སྟེ་དེ་ཉིད་དུ་ཚེ་འཕོས་སོ། །དེའི་ཚེ་སྒྲ་གྲགས་པ་དང༌། རོལ་མོ་འཁྲོལ་བ་དང༌། ནམ་མཁའ་ནས་ལྷའི་མེ་ཏོག་གི་ཆར་ཆེན་པོ་བབ་ཅིང་འཇའ་འོད་ཀྱི་ཁ་དོག་སྣ་ཚོགས་འཕྲོས་པ་ལ་སོགས་པ་ངོ་མཚར་རྨད་དུ་བྱུང་བའི་བཀྲ་ཤིས་པའི་རྟགས་མཚན་དུ་མ་དང་བཅས་ཏེ་མཆོད་རྟེན་ཆེན་པོ་འདི་ཉིད་བཞེངས་པའི་ཕན་ཡོན་གྱིས་ཡུམ་བདེ་མཆོག་མ་དེ་ཉིད་དམ་ཚིག་གི་ལྷ་མོ་པྲ་མོ་ཧ་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་སོ།།
    དེ་ནས་བུ་རྣམས་གྲོས་བྱས་ཏེ་རང་རེའི་མ་རྒན་མོ་དེ་ཉིད་དབུལ་མོ་བྱ་རྫི་མར་སྐྱེས་ཀྱང་ངེད་རང་ཕ་རིགས་མི་གཅིག་པའི་བུ་བཞི་ཁྱིམ་རབ་ཐང་དུ་ཕོག ནོར་ལྷག་མས་ཀྱང་འཛམ་བུ་གླིང་དུ་ཆེས་དཀོན་པའི་མཆོད་རྟེན་ཆེན་པོ་ངོ་མཚར་རྨད་དུ་བྱུང་བ་སྟེ། འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་གྱུར་པ་འདི་ལྟ་བུ་བཞེངས་ན། མའི་དགེ་རྩ་དང་དྲིན་ལན་འཇལ་བའི་ཆེད་དུ་ང་ཚོས་ཅི་ནས་ཀྱང་མཆོད་རྟེན་ལ་བུམ་པ་འདོགས་དགོས་ཞེས་བུ་སྤུན་ཚང་མ་གྲོས་འཆམ་ཞིང་སྔར་ལྟར་གླང་པོ་ཆེ་དང༌། བོང་བུ་ལ་སོ་ཕག་བཀལ། བྲན་གཅིག་པོ་དེ་ལ་གྲོགས་བཅོལ་ཏེ་ལོ་གསུམ་གྱི་རིང་ལྷོད་དལ་མེད་པར་བརྩིགས་པས་སྔོན་རྨང་གཞི་དབུ་བཙུགས་པའི་དུས་ནས་བཟུང་ཁྱོན་ལོ་ངོ་བདུན་ལ་བཞེངས་གྲུབ་སྟེ་གཟུངས་གཞུག་ལ་དེ་བཞིན་གཤེགས་པ་འོད་སྲུང་གི་རིང་བསྲེལ་མ་ག་དྷའི་བྲེ་གང་སྲོག་ཤིང་གི་ནང་དུ་བཞུགས་སུ་གསོལ་ཞིང༌། མཆོད་པའི་ཚོགས་དཔག་ཏུ་མེད་པ་བཤམས་ནས་རབ་ཏུ་གནས་པའི་མེ་ཏོག་འཐོར་བ་ན། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་འོད་སྲུང་འཁོར་དང་བཅས་པ་བྱོན་ཅིང༌། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགྲ་བཅོམ་པའི་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བ་དང་ལྷན། རིགས་ལྔའི་བདེ་བར་གཤེགས་པ་དང་རིགས་གསུམ་མགོན་པོས་གཙོས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་བྱོན་ནས་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱ་ཆེར་མཛད།
    དེ་དུས་ལྷའི་རོལ་མོ་སྣ་ཚོགས་པའི་སྒྲ་དབྱངས་སྒྲོག་པ་དང་མེ་ཏོག་གི་ཆར་ཆེན་པོ་བབ་ཅིང༌། དྲི་ཞིམ་གྱི་སྤོས་ངད་ཕྱོགས་མཐར་ཁྱབ་པ་དང་ས་ཆེན་པོ་འདི་ཡང་ལན་གསུམ་གྱི་བར་དུ་གཡོས། དེ་བཞིན་གཤེགས་པ་སྲས་དང་བཅས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་རྐྱེན་གྱིས་ཞག་གྲངས་ལྔའི་རིང་ཉིན་མཚན་གྱི་སྣང་བའང་གཏན་ནས་མེད་པར་གྱུར་ཏོ།།

༈ བཞི་པ། མཆོད་རྟེན་ཆེན་མོར་རབ་གནས་སྐབས་སྲས་བཅས་རྒྱལ་བ་འཁོར་དང་བཅས་པའི་དྲུང་དུ་བུ་སྤུན་བཞིས་བོད་མུན་པའི་གླིང་དུ་འགྲོ་བ་འདུལ་བའི་སྨོན་ལམ་ཇི་ལྟར་བཏབ་པའི་སྐོར།
དེ་ལྟར་མཆོད་རྟེན་ཆེན་མོ་དེ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པས་གཙོས་བུ་སྤུན་རྣམ་བཞི་དང་བཅས་པས་རབ་ཏུ་གནས་པའི་མེ་ཏོག་འཐོར་བའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་དེ་དག་ཐམས་ཅད་ཀྱིས་ཞལ་ནས།
    ཀྱཻ། སྐལ་བ་མཆོག་དང་ལྡན་པའི་རིགས་ཀྱི་བུ་རྣམས་ཉོན་ཅིག ཁྱེད་རྣམས་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་རྟེན་མཆོག་ཏུ་གྱུར་པའི་མཆོད་རྟེན་ཆེན་མོ་འདི་ལྟ་བུ་བཞེངས་པའི་ཕན་ཡོན་གྱིས་རང་རང་གིས་སྨོན་ལམ་ཅི་བཏབ་པ་ཐམས་ཅད་འགྲུབ་པར་འགྱུར་བས་ཐོབ་ཅིག་ཅེས་བཀའ་སྩལ་བྱུང་བས། དེར་བུ་རྣམས་ཀྱིས་གྲོས་བྱས་ཏེ་རང་རེའི་མ་རྒན་གྱིས་སེམས་བསྐྱེད་རྒྱ་ཆེན་པོས་མཆོད་རྟེན་འདིའི་རྨང་བཏིང་ཞིང་བརྩིགས། མ་རྒན་ཚེ་ལས་འདས་རྗེས་ངེད་ཅག་བུ་རྣམས་ཀྱིས་མའི་དགེ་རྩར་མཆོད་རྟེན་ལ་བུམ་པ་བཏགས་ནས་རབ་གནས་བྱས་པའི་ཕན་ཡོན་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ཞལ་མངོན་སུམ་དུ་བསྟན། སྨོན་ལམ་ཅི་བཏབ་པ་ཐམས་ཅད་འགྲུབ་པའི་ལུང་བསྟན་གྱི་གནང་བ་ཐོབ་པའི་སྐབས་འདིར་ངེད་རང་རྣམས་སྨོན་ལམ་རྒྱ་མ་ཆུང་བ་རེ་འདེབས་དགོས་ཞེས་ཁ་འཆམ་སྟེ། བུ་ཆེ་ཤོས་རྟ་རྫིའི་བུས་བསམ་པ་ལ། ད་ལྟ་བྱང་གི་ཕྱོགས་ཀྱི་རྒྱལ་ཁམས་མཐའ་འཁོབ་མུན་པའི་གླིང་དེ་ན་མ་འོངས་པར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གདུལ་བྱའི་ཞིང་དུ་གྱུར་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེན་པོ་འབྱུང་བར་ལུང་བསྟན་འདུག་པས། ཞིང་དེར་སངས་རྒྱས་ཀྱི་བསྟན་པ་འབྱུང་བ་དེ་ཉིད་ངས་འཛུགས་པར་སྨོན་ལམ་འདེབས་དགོས་བསམས་ནས། བདག་གི་ལྷག་བསམ་རྣམ་པར་དག་པས་མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས་མ་འོངས་སྙིགས་མ་ལྔ་བདོའི་དུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཁྱགས་པ་ཆགས་པའི་ཡུལ་གྱི་མཐའ་འཁོབ་ཏུ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཞིག་ཏུ་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པར་ཤོག་ཅིག་ཅེས་བརྗོད་དོ།།
    དེ་འོག་ཕག་རྫིའི་བུས། མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས་ཕུ་བོ་ཁྱེད་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པའི་དུས་སུ་འཁྱགས་པ་ཆགས་པའི་ཡུལ་གྱི་མཐའ་འཁོབ་དེ་རུ་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་འཛུགས་དགོས་པས་བདག་ནི་དགེ་སློང་རྣམ་པར་དག་པ་ཞིག་ཏུ་སྐྱེས་ནས་དགེ་འདུན་ཐམས་ཅད་རབ་ཏུ་བྱུང་བར་བྱེད་པའི་མཁན་པོ་ཞིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་བཏབ་བོ།།
    དེ་ནས་ཁྱི་རྫིའི་བུས། མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས་ཕུ་བོ་ཁྱེད་གཉིས་འཁྱགས་པ་ཆགས་པའི་མཐའ་འཁོབ་ཏུ་གཅིག་གིས་སངས་རྒྱས་ཀྱི་བསྟན་པ་འཛུགས། གཅིག་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དུས་སུ་བདག་ནི་མངལ་ནས་མ་སྐྱེས་པར་མེ་ཏོག་པདྨའི་སྡོང་པོ་ལས་རྫུས་ཏེ་སྐྱེས་ཤིང༌། སྐྱེ་ཤི་རྒྱུན་བཅད་དེ་ཚེ་ཉི་ཟླ་དང་མཉམ་པ་དང༌། ནུས་པས་ལྷ་འདྲེ་མི་གསུམ་འདུལ་ཐུབ་པ་ཞིག་ཏུ་སྐྱེས་ནས་མཐའ་འཁོབ་དེ་ཉིད་ཀྱི་འདྲེ་སྲིན་གདུག་པ་ཅན་ཐམས་ཅད་བཏུལ་ཏེ་ཁྱེད་གཉིས་ཀྱི་བསམ་དོན་བསྒྲུབ་ཅིང་སངས་རྒྱས་ཀྱི་བསྟན་པ་མཐའ་དག་སྲུང་བའི་སྔགས་འཆང་ནུས་པ་ཅན་ཞིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་བཏབ་བོ།།
   དེའི་རྗེས་བྱ་རྫིའི་བུས། མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས་ཕུ་བོ་ཁྱེད་གསུམ་འཁྱགས་པ་ཆགས་པའི་ཡུལ་གྱི་མཐའ་འཁོབ་ཏུ་གཅིག་གིས་སངས་རྒྱས་ཀྱི་བསྟན་པ་འཛུགས། གཅིག་གིས་འཛིན། གཅིག་གིས་སྲུང་བའི་དུས་སུ། ཁྱེད་རྣམས་འཁྲུངས་ཡུལ་གཅིག་ཏུ་འོང་བའི་ངེས་པ་མེད་པས་བདག་ནི་ཁྱེད་རྣམས་མཇལ་འཕྲད་བྱེད་པའི་བཀའི་འཕྲིན་བློན་ཞིག་ཏུ་སྐྱེ་བར་ཤོག་ཅིག ཅེས་བུ་སྤུན་བཞི་པོ་སོ་སོས་སྨོན་ལམ་རྣམ་པར་དག་པ་རེ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མགྲིན་དབྱངས་གཅིག་ཏུ། ཀྱཻ་རིགས་ཀྱི་བུ་སྐལ་བ་མཆོག་དང་ལྡན་པ་ཁྱེད་རྣམས་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་འདི་ལེགས་སོ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྗེས་སུ་ཡི་རང་ངོ༌། །འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བགྲང་བར་མི་ནུས་སོ། །ཞེས་བཀའ་སྩལ་ཏོ།།
   སྐབས་དེར་ཕྱོགས་བཅུའི་སངས་རྒྱས་དང་དེ་བཞིན་གཤེགས་པ་ཐམས་ཅད་འོད་དང་འོད་ཟེར་གྱི་གོང་བུ་གཅིག་ཏུ་གྱུར་ཏེ་མཆོད་རྟེན་ཆེན་པོ་དེ་ཉིད་ལ་ཐིམ་པས་མཆོད་རྟེན་གྱི་མཚན་ཡང་སངས་རྒྱས་ཐམས་ཅད་འདུས་པའི་མཆོད་རྟེན་དུ་གྲགས་སོ།།
   དེ་དུས་རྟ་རྫིའི་བུས་རྩེ་ཆུང་ལ་སྦྲང་བུ་ཏྲེ་མ་གཅིག་གིས་འཇིབ་པས་མ་བཟོད་དེ། ལག་པས་ཤད་ཤད་བྱས་པས་སྦྲང་བུ་ཤི་བའི་རོ་བྱུང་བས་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ནས་བདག་འཁྱག་པའི་ཡུལ་དུ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་པའི་ཚེ་སྦྲང་བུ་འདི་ཉིད་བདག་གི་སྲས་སུ་སྐྱེས་ཏེ་ཆོས་ལ་སྤྱོད་པར་ཤོག་ཅིག ཅེས་སྨོན་ལམ་བཏབ་བོ།།
    དེ་ལྟར་བུ་སྤུན་བཞི་པོས་སྨོན་ལམ་རེ་འདེབས་སྐབས་བོང་བུ་དེའི་བསམ་པར་ང་ལའང་སྨོན་ལམ་ཞིག་འདེབས་འོང་བསམས་ཏེ་རེ་བའི་ངང་དུ་སྡོད་པ་ལ། སྨོན་ལམ་ཅི་ཡང་འདེབས་མ་བྱུང་བས་བོང་བུ་ཁྲོས་ཏེ་ཁོ་མཐའ་འཁོབ་ཏུ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་འཛུགས་པའི་དུས་སུ་ང་ཆོས་ལ་མི་དགའ་བའི་བཀའ་བློན་ཞིག་ཏུ་སྐྱེས་ནས་ཁོ་ལ་ཅི་ཡང་བྱར་དབང་མེད་པར་ཤོག་ཅིག་ཅེས་ལོག་སྨོན་བཏབ། དེ་གཡོག་པོས་གོ་སྟེ་ཁོས་དེ་ལྟ་བུའི་བདུད་བློན་དུ་སྐྱེས་ཚེ་ཆོས་ལ་བར་གཅོད་བྱེད་པའི་གཡོ་ཐབས་དང་ནུས་པ་ཐམས་ཅད་བཟློག་ཅིང་འཇོམས་པར་བྱེད་པའི་ཆོས་བློན་ཐབས་མཁས་པ་ཞིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་བཏབ་བོ།།
    ཡང་གླང་པོ་ཆེའི་བསམ་པར་ང་ལའང་སྨོན་ལམ་ཞིག་འདེབས་ཏེ་འོང་བསམ་པ་ལ་སྨོན་ལམ་ཅི་ཡང་འདེབས་མ་བྱུང་བས་གླང་ཆེན་ཁྲོས་ཏེ། ངས་ས་རྡོ་འདི་ཙམ་བསྐྱལ་བས་ང་ལ་སྨོན་ལམ་ཅི་ཡང་མི་འདེབས་ན་ཁོང་ཚོས་བཙུགས་པའི་བསྟན་པ་དེ་རྒྱལ་པོ་དེའི་བུའམ་ཚ་བོར་སྐྱེས་ཏེ་བསྣུབ་པར་ཤོག་ཅིག་ཅེས་བྱས་སོ།།
    སྐབས་དེར་གླང་ཆེན་གྱིས་སྨོན་ལམ་ལོག་པར་བཏབ་པ་དེ་བྱ་རོག་ཅིག་གིས་ཐོས་པས་བྱ་རོག་དེས་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་གླང་པོ་ཆེ་ཁོ་དེ་ལྟ་བུའི་རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབ་པའི་དུས་སུ་བདག་བྱང་ཆུབ་སེམས་དཔའི་སྐྱེ་བ་བླངས་ཏེ་བདུད་རྒྱལ་དེ་ཉིད་བསྒྲལ་ནུས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ།།
    དེའི་ཚེ་བྲམ་ཟེའི་ཁྱེའུ་ཚངས་སྐུད་ཅན་ཤ་སེང་སེང་བ་གཉིས་ཀྱིས་ཀྱང༌། ཁྱེད་རྣམས་མཐའ་འཁོབ་ཏུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པའི་དུས་སུ་ངེད་གཉིས་ནི་དམ་པའི་ཆོས་རྣམས་མ་ལུས་པ་བསྒྱུར་བར་བྱེད་པའི་ལོ་ཙ་བ་ཞིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ།།
    ཡང་དེའི་ཚེ་རྒྱལ་རིགས་ཀྱི་བུ་མོ་ཤེས་རབ་ཅན་གཉིས་ཀྱིས་ཀྱང༌། མཐའ་འཁོབ་ཏུ་ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པའི་དུས་སུ་དམ་ཆོས་རྣམས་ཡི་གེར་འབྲི་བའི་ཡིག་མཁན་མཁས་པའི་མཆོག་ཏུ་གྱུར་པ་རེ་རེར་སྐྱེས་ནས་བཀའ་བསྟན་མ་ལུས་པ་ཡི་གེར་འབྲི་ནུས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ།།
    གཞན་ཡང་དེའི་ཚེ་སོ་སོའི་མོས་བློ་དང་མཐུན་པར་བསྟན་པ་དང་སེམས་ཅན་ལ་ཕན་པའི་སྨོན་ལམ་བཏབ་པ་ནི་དཔག་ཏུ་མེད་ཅིང་གྲངས་ལས་འདས་པ་ཞིག་གོ།

༈ ལྔ་པ། སྨོན་ལམ་བཏབ་པའི་འབྲས་བུ་མངོན་དུ་གྱུར་ཏེ་བསིལ་ལྡན་གངས་རིའི་ལྗོངས་སུ་དམ་པའི་ཆོས་ཀྱི་སྣང་བས་ཁྱབ་ཚུལ།
དེ་ལྟར་དུས་གསུམ་རྒྱལ་བའི་ཐུགས་རྟེན་དམ་པ་སངས་རྒྱས་ཐམས་ཅད་འདུས་པའི་མཆོད་རྟེན་ཆེན་མོ་བཞེངས་པའི་མཐུ་ལས་སྲས་བཅས་རྒྱལ་བའི་བཀའི་གནང་བ་བསྩལ་བ་བཞིན་བཞེངས་པ་པོ་འཁོར་གཡོག་དང་བཅས་པས་ཇི་ལྟར་སྨོན་པའི་དོན་རྣམས་བདེན་ཚིག་ཏུ་མངོན་དུ་གྱུར་པའི་ཚུལ་ནི་འདི་ལྟ་སྟེ།   དུས་དེའི་ཚེ་བུ་ཆེ་བ་རྟ་རྫིའི་བུ་ནི་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང༌། ཕག་རྫིའི་བུ་ནི་བོད་གངས་ཅན་གྱི་ལྗོངས་སུ་དམ་ཆོས་འདུལ་བའི་སྲོལ་འབྱེད་དམ་པ་མཁན་ཆེན་ཞི་བ་འཚོ་དང༌། ཁྱི་རྫིའི་བུ་ནི་གསང་སྔགས་རྫོགས་པ་ཆེན་པོའི་སྲོལ་འབྱེད་དམ་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཏེ། འདི་གསུམ་ནི་མཁན་སློབ་ཆོས་གསུམ་དང༌། བྱ་རྫིའི་བུ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་འཕྲིན་བློན་ཡར་ལུང་གི་སྦ་མི་ཁྲི་བཞེར་རོ།།
    གཞན་ཡང༌། དེ་དུས་རྟ་རྫིའི་བུས་རྩེ་ཆུང་ལ་སྦྲང་བུ་ཏྲེ་མ་གཅིག་ལག་པས་ཤད་ཤད་བྱས་ཏེ་ཤི་བ་ནི་ཆོས་རྒྱལ་ཁྲི་སྲོང་གི་སྲས་མོ་ལྷ་ལྕམ་པདྨ་གསལ་ཡིན་ལ། བོང་བུ་ནི་བདུད་བློན་མ་ཞང་ཁྲོམ་པ་སྐྱེས་དང༌། གཡོག་པོ་ནི་ཆོས་བློན་འགོས་པདྨ་གུང་བཙན་དང༌། གླང་པོ་ཆེ་ནི་བདུད་རྒྱལ་གླང་དར་མའམ་འུ་དུམ་བཙན་པོ་སྟེ་ཆོས་རྒྱལ་ཁྲི་སྲོང་གི་དབོན་སྲས་དང༌། བྱ་རོག་ནི་རྒྱལ་པོ་གླང་དར་བསྒྲལ་བར་མཛད་པའི་བྱང་ཆུབ་སེམས་དཔའ་ལྷ་ལུང་དཔལ་གྱི་རྡོ་རྗེའོ། །ཡང་བྲམ་ཟེའི་ཁྱེའུ་རྣམ་གཉིས་ནི་ལོ་ཙ་བ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་ནོ། །རྒྱལ་རིགས་ཀྱི་བུ་མོ་གཉིས་ནི་ལྡན་མ་རྩེ་མང་དང་ལེགས་བྱིན་ཉི་མ་གཉིས་སོ།།

༈ དྲུག་པ། སྨོན་ལམ་ཐམས་ཅད་འགྲུབ་པའི་མཆོད་རྟེན་ཆེན་མོ་འདི་ཉིད་ལ་ཕྱག་སྐོར་བྱས་པའི་ཕན་ཡོན་གྱི་སྐོར།
དེ་ལྟར་སྨོན་ལམ་ཐམས་ཅད་ཡོངས་སུ་འགྲུབ་པའི་མཆོད་རྟེན་ཆེན་མོ་འདི་ཉིད་ལ་ཕྱག་མཆོད་དང་སྐོར་བ་སོགས་བྱས་པའི་ཕན་ཡོན་ཡང་རིག་འཛིན་ཡོལ་མོ་བ་ཤཱཀྱ་བཟང་པོའི་གཏེར་ཡིག་ལས། འདི་ལྟར། ཡང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསོལ་བ༔ ཀྱཻ་སློབ་དཔོན་ཆེན་པོ་ལགས༔ དེ་ལྟ་བུའི་མཆོད་རྟེན་ཆེན་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དེ་ལ་ཕྱག་འཚལ་ཞིང་སྐོར་བ་བྱེད་པ་དང་༔ མཆོད་པ་འབུལ་བ་ལ་སོགས་པ་ཞབས་ཏོག་བྱས་པའི་ཕན་ཡོན་ནི་ཇི་ལྟ་བུ་ལགས༔ ཞེས་གསོལ་བས༔ མཧཱ་གུ་རུས་བཀའ་སྩལ་པ༔
    ཉོན་ཅིག་རྒྱལ་པོ་ཆེན་པོ༔ དད་པ་རབ་ཏུ་བསྐྱེད་ཅིག༔ དུས་གསུམ་གྱིི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་ཀྱི་མཆོད་རྟེན་ལ་དངོས་སུ་ཐིམ་ནས་བཞུགས་པའི་མཆོད་རྟེན་ཆེན་མོ་གསོལ་བ་དང་སྨོན་ལམ་ཅི་བཏབ་འབད་མེད་ལྷུན་གྲུབ་ཏུ་འགྲུབ་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་འདི་ལ་འགྲོ་བ་གང་ཞིག་ལྷག་བསམ་རྣམ་པར་དག་པས་ཕྱག་འཚལ་བ་དང་༔ བསྐོར་བ་དང་༔ མཆོད་པ་བྱས་པའི་ཕན་ཡོན་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བརྗོད་པར་མི་ནུས་ཤིང་བགྲང་བར་མི་ལང་སྟེ༔ རྗེས་འཇུག་གི་སེམས་ཅན་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་མདོ་ཙམ་ཞིག་བརྗོད་ན༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རྟེན་མཆོག་ཏུ་གྱུར་པ༔ འགྲོ་བ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་ཞིང་༔ གསོལ་བ་བཏབ་ཅིང་སྨོན་ལམ་བཏབ་ན་ཅི་བཏབ་པའི་སྨོན་ལམ་ཐམས་ཅད་འབད་མེད་དུ་འགྲུབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་བྱེད་པ༔ དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་མཆོད་རྟེན་བྱ་རུང་ཁ་ཤོར་ཞེས་བྱ་བ་འདི་ཉིད༔ འགྲོ་བ་སུ་ཡི་མིག་གིས་མཐོང་ཚད་ཐམས་ཅད་ངན་སོང་གསུམ་དུ་སྐྱེ་བའི་སྐྱེ་སྒོ་བཅད་དོ༔ རྣ་བས་སུས་ཐོས་ཚད་ཐམས་ཅད་བྱང་ཆུབ་མཆོག་གི་ས་བོན་འཇོག་པར་བྱེད་དོ༔ ཡིད་ལ་སུས་དྲན་པ་ཐམས་ཅད་སྨྱོ་འབོག་དང་རྒྱལ་རེངས་ལས་གྲོལ་ཞིང་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་རོ༔ ཞེས་སོགས་ནས། ་་་མདོར་ན་མཆོད་རྟེན་ཆེན་པོ་འདི་ཉིད་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ༔ འགྲོ་བ་གང་གིས་གསོལ་བ་བཏབ་པ་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་དང་གང་འདོད་པའི་དོན་ཐམས་ཅད་དང་སྨོན་ལམ་ཅི་བཏབ་པ་ཐམས་ཅད་འགྲུབ་པར་འགྱུར་རོ༔ དེས་ན་མཆོད་རྟེན་འདི་ཉིད་ཀྱི་མཚན་ཡང་སྨོན་ལམ་ཐམས་ཅད་འགྲུབ་པའི་མཆོད་རྟེན་དུ་གྲགས་སོ༔ ཞེས་དང༌།
    རྗེ་བཙུན་ཞབས་དཀར་བས། ངོ་མཚར་མཁའ་ལ་ཉི་ཟླ་རྣམ་གཉིས་དང༌། །ས་ལ་མཆོད་རྟེན་ཆེན་པོ་རྣམ་གཉིས་ཞེས། །ཡོངས་སུ་གྲགས་པ་འདི་གཉིས་ལས་ལྷག་པའི། ། ཕྱག་དང་མཆོད་པའི་ཞིང་མཆོག་གཞན་ན་གང༌། །སྔོན་བྱོན་མཁས་གྲུབ་སྐྱེས་ཆེན་མང་པོ་ཡིས། །མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་ལ། །རིན་ཆེན་གསེར་གྱི་ན་བཟའ་ཡང་ཡང་དུ། །བསྒྲོན་པའི་ངོ་མཚར་ལོ་རྒྱུས་མང་པོ་སྣང༌། །མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ། །རིན་ཆེན་གསེར་གྱི་ན་བཟའ་བསྒྲོན་ནུས་ཀྱང༌། །བདག་ཅག་མ་འོངས་སྐལ་ལྡན་གདུལ་བྱ་ཡི། །བསོད་ནམས་གསོག་པའི་ཕྱིར་དུ་བཞག་གམ་སྙམ། །བདག་ཀྱང་སྙིང་སྟོབས་ཆུང་ངུ་ཆེར་བསྐྱེད་ནས། །སྒྲུབ་ཚེ་ལྷ་མི་ཡོངས་ཀྱིས་གྲོགས་མཛད་པས། །སྔར་མེད་རིན་ཆེན་གསེར་ཟངས་ན་བཟའ་གྲུབ། །གཟི་བརྗིད་འོད་ཟེར་ཕྱོགས་བརྒྱར་འཕྲོ་ལ་ལྟོས། །དཀར་པོའི་ཕྱོགས་ལ་དགའ་བའི་ལྷ་མི་རྣམས། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་མཛོད། །དགའ་བའི་གར་གྱིས་སྐྱིད་པའི་བྲོ་ཆུང་འཁྲོབ། །སྙན་པའི་གླུ་དབྱངས་ལེན་ན་ད་ལོངས་ཤིག །བསགས་པའི་ནོར་ལ་སྙིང་པོ་མ་མཆིས་ཀྱང༌། །འདི་འདྲ་བྱས་ན་སྙིང་པོ་ཡོད་དོ་ཞེས། །གཏམ་འདི་ལྷ་མི་ཡོངས་ཀྱི་སྙན་དུ་འབུལ། །ཀུན་ཀྱང་དགའ་བས་གཅིག་ནས་གཅིག་ཏུ་སྒྲོགས། །ཆོས་འཁོར་ཇི་བཞིན་བྲེ་དང་བུམ་པ་ལ། །རིན་ཆེན་གསེར་གྱི་ན་བཟའ་སྒྲོན་ཅིག་ཅེས། །ཕྱི་རབས་ཆོས་མཛད་སྐྱེས་ཆེན་ཐམས་ཅད་ལ། །ཁ་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས།།
    ཞེས་གསུངས་པ་བཞིན། གཤམ་གྱི་མཛད་རྣམ་དག་ལས་གསལ་བ་ལྟར་སྔོན་བྱོན་དམ་པ་རྣམས་ཀྱིས་མཆོད་པའི་རྟེན་མཆོག་འདི་ཉིད་ལ་ཕྱག་མཆོད་བསྙེན་བཀུར་དང༌། ཞིག་གསོ་སོགས་ཇི་ལྟར་མཛད་པའི་སྐོར་རྣམས་ལ་རྗེས་སུ་ཡི་རང་དང་འབྲེལ་རང་ནུས་གང་ལྕོག་གིས་ཕྱག་མཆོད་དང་ཉམས་གསོ་སོགས་མཛད་ན་སྲས་བཅས་རྒྱལ་བའི་བདེན་ཚིག་ལ་བསླུ་བ་མི་སྲིད་པས་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུར་འགྱུར་བ་དང༌། རང་ངོས་ནས་ཀྱང་འཕྲལ་ཡུན་གྱི་ཕན་བདེ་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བས་རང་གཞན་ཀུན་ཀྱིས་དེ་བཞིན་ཐུགས་འཇགས་གནང་རྒྱུ་གལ་ཆེ་ཞིང༌།
    དེ་ལྟར་མ་བྱུང་ཡང་རྟེན་མཆོག་འདིའི་དྲུང་དུ་མཆོད་སྐོར་རེ་བྱེད་སྐབས་སྔོན་བྱོན་སྐྱེས་ཆེན་དེ་དག་གི་མཛད་རྣམ་དང་སྨོན་ལམ་གྱི་བདེན་ཚིག་རྣམས་རྗེས་སུ་དྲན་པར་བྱས་ཏེ་ཚེ་རབས་ཀུན་ཏུ་དེ་དག་གི་འཁོར་དུ་སྐྱེས་ཤིང་སྨོན་ལམ་ཐམས་ཅད་འགྲུབ་པའི་མཆོད་རྟེན་ཆེན་མོ་འདི་ལ་བསྐལ་པ་ནམ་གནས་ཀྱི་བར་ཕྱག་མཆོད་དང་ཞིག་གསོ་བསྒྲུབ་ནུས་པའི་སྨོན་འདུན་རེ་མཛད་ན་དགེ་མཚན་ཤིན་ཏུ་ཆེའོ།།

༈ བདུན་པ། ཨོ་རྒྱན་མཧཱ་གུ་རུས་ལུང་བསྟན་ལྟར་མཆོད་རྟེན་ཆེན་མོ་འདི་ཉིད་ཞིག་རལ་དུ་གྱུར་པའི་རྐྱེན་གྱིས་འཇིག་རྟེན་གྱི་ཁམས་སུ་མི་དགེ་བའི་རྟགས་མཚན་ཇི་ལྟར་བྱུང་བའི་སྐོར།
    དེ་ཡང་། མཆོད་རྟེན་ཆེན་མོ་ཞིག་རལ་ཏུ་གྱུར་པའི་རྐྱེན་གྱིས། ཚེ་ཚད་ལྔ་བཅུ་ཁ་རལ་གྱི་དུས་སུ་ཐུབ་པའི་བསྟན་པ་ཉམས་ནས་སྡེ་དགོན་རྣམས་ཁྱིམ་པས་འགེངས་ཤིང་ལྷ་ཁང་དུ་འཐབ་ར་བྱེད་པ་དང༌། གཙུག་ལག་ཁང་དུ་བཤས་ཁང་བྱེད་ཅིང༌། རི་ཁྲོད་པ་ཐམས་ཅད་ཀླུངས་སུ་འབབ་པ། སྒོམ་ཆེན་པས་སོ་ནམ་བྱེད་པ། ཞིག་པོས་ནོར་ཚིས་བྱེད་པ། དགེ་སློང་གིས་ཁྱིམ་ཐབས་བྱེད་པ། རབ་བྱུང་བཙུན་པས་ཇག་དང་ཆོམ་རྐུན་བྱེད་པ། སྡེ་འཁྲུག་རླུང་ལྟར་ལྡང་ཞིང་མཁན་པོས་དམག་དཔོན་བྱེད་པ། བཙུན་པས་དམག་ལས་བྱེད་ཅིང་བཙུན་མས་བྱི་ཕྲུག་གསོད་པ། ཕ་གཞིས་གཞན་གྱིས་སྤྱོད་ཅིང་ཕ་ཁྱིམ་བུས་མི་དབང་བ། ཡུལ་དཔོན་མཐའ་མིས་བྱེད་པ། ན་ཆུང་བུ་མོ་གྲྭ་སར་འགྲིམས་པ། གཙུག་ལག་ཁང་གི་ནོར་ལ་ཧབ་ཐོབ་བྱེད་པ། བདེ་བར་གཤེགས་པའི་གསུང་རབ་དང་མཆོད་ཆ་གཏའ་མར་བཞག་སྟེ་སྐུ་གསུང་ཐུགས་ཀྱི་རྟེན་ལ་རྐུ་ནོར་བྱས་ཤིང་རིན་ཐང་བཅལ་ནས་ཉོ་ཚོང་བྱེད་པ། ལྷ་ཁང་གི་ནང་དུ་འོག་རྟ་དང་བ་གླང་འཇུག་ཅིང་མི་གཙང་བ་གསོག་པ་དང༌།
    གཞན་ཡང༌། བཙུན་པས་སྒེག་ཆོས་བྱེད་ཅིང་བཙུན་མས་མེ་ལོང་ལྟ་བ། ལུས་སྲུང་མཚོན་ལ་རེ་ཞིང་ཕན་ཚུན་ཟས་དུག་གཏོང་རེས་བྱེད་པ། བློ་ངན་པ་མཁན་པོ་དང་སློབ་དཔོན་གྱིས་སློབ་པ། སྡེ་དཔོན་དང་དབུ་གཙོས་བློ་མི་ཐུབ་པ། སྐྱེས་པས་ཁྲེལ་དང་ངོ་ཚ་མི་ཐུབ་པ། བུད་མེད་ཀྱིས་ལུས་མི་ཐུབ་པ། བཙུན་པས་འདུལ་ཁྲིམས་མི་ཐུབ་པ། སྔགས་པས་དམ་ཚིག་མི་ཐུབ་པ། གདོན་དུ་ས་བདག་དང་ཁྱབ་འཇུག་རྒྱལ་པོ་དང་འགོང་པོ་ཐེའུ་རང་དར་བས་ལོ་རེ་ལ་གཏམ་སྐད་དང༌། རྒྱན་ཆ། གོས། ཆས་སྣ་མི་གཅིག་པ་རེ་འགྱུར་ཞིང༌། ཆོས་སྐད་སྐྱེ་བོས་གཏོང་བ། ཁ་ཏ་ཉ་མ་མཐོ་བ། ཟོག་པོས་རྫུན་དབང་བསྐུར་ཞིང་ཁྲམ་པས་སྒོམ་ཆེན་བྱེད་པ། ལྕེ་བདེ་དང་ཁ་སྤྱང་ལ་མཁས་པར་རློམ་ཞིང་ཕོ་སོ་དམ་ཉམས་མཐོ་བ།
    འབངས་ཀྱིས་རྒྱལ་ས་འཛིན་ཞིང་རྒྱལ་པོ་དམངས་སུ་འབེབས་པ། མི་འགོ་ཤན་པས་བྱེད་ཅིང་སྡིག་ཆེན་ཕོ་རྒོད་དུ་རྩི་བ། གསང་སྔགས་ཟབ་མོ་སྟོན་པའི་བླ་མ་རྣམས་ཁྱི་ལྟར་དུ་འཁྱམས་ཤིང་དམ་མེད་སློབ་མ་རྣམས་སེང་གེ་ལྟར་དུ་འཕྱོ་བ། བདུད་སྤྲུལ་ལོག་པས་བསླབ་པའི་ལྟ་བ་ལ་ཁ་ཁྱེར་དུ་བྱས་ནས་བླ་མ་གསང་ནས་རང་གི་ཆེ་བ་ཅི་ཐོན་བྱེད་པ། གྲུབ་ཐོབ་དང་མཁས་པ་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པ་དང་སྦས་ཚུལ་སྤྱོད་པ་རྣམས་ལ་འཕྱར་ཁ་སྣ་ཚོགས་པས་སྨོད་ཅི་ཐུབ་བྱེད་པ། མི་ནག་སོ་སོའི་སྐྱེ་བོ་རྣམས་རས་གོས་གྱོན་ཏེ་བཙུན་ཆས་སུ་འཇུག་ཅིང་བཙུན་པ་རྣམས་ཧོར་ཆས་གོན་པ་དང༌། མི་གསོད་པའི་ཤན་པ་ཡང་ཆོས་གོས་ངུར་སྨྲིག་གྱོན་པ། སྐྱེ་བོས་མཐུ་གཏད་དང་ངན་སྔགས་སློབ་པ། བཙུན་པས་དུག་སྦྱོར་བྱེད་ཅིང་བསླུས་དང་ཚོང་ཁེ་བསྡེབས་པ། ལོག་ཆོས་སྣ་ཚོགས་པ་བརྩམས་ཏེ་སྤར་དུ་བརྐོས་ནས་རྒྱལ་བའི་བཀའ་ཚད་མ་དང་རྡོ་རྗེ་སློབ་དཔོན་གྱི་ལུང་ཚད་མ་རྣམས་འཆལ་དུ་འཇུག་ཅིང་སྔར་མེད་པའི་ཆོས་ལོག་སྣ་ཚོགས་པ་སྤྱད་དེ་སྤྱོད་ལོག་སྣ་ཚོགས་པ་དར་བས་སྔར་མི་བྱེད་པའི་ལས་བྱེད། སྔར་མི་བྱེད་པའི་དཔེ་འཛུགས། བཟང་པོའི་སྲོལ་ཁ་ཐམས་ཅད་བཞག་ནས་ངན་པའི་ལས་ཐབས་སྣ་ཚོགས་པ་བྱེད་ཅིང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་དཀོར་དང༌། མནའ་ལ་ཧབ་ཐོབ་དང་རྔམ་ཟས་སུ་བྱེད་པ།
    མདོར་ན་སེམས་ཅན་རྣམས་ལོག་པའི་ལམ་སྣ་ཚོགས་པ་ལ་ཞུགས་ནས་ངན་ལས་སྣ་ཚོགས་བྱས་པའི་རྐྱེན་གྱིས་དཀར་ཕྱོགས་སྐྱོང་བའི་ཆོས་སྲུང་རྣམས་གཡེལ་ཏེ་སྲུང་སྐྱོབ་མི་མཛད་པར་དུས་ཚོད་དང་གཟའ་སྐར་རྣམས་འཆུགས་ཏེ་སྔར་མེད་ཀྱི་སྐར་ཆེན་ཕོད་ཆེན་འཆར་བ། དུས་ཀྱི་ཆར་པ་མི་འབྱུང་ཞིང་ཆར་ཆུ་སྒང་གཤོངས་ཆེ་བ། མུ་གེ་དང་སད་སེར་ལོ་ཉེས་མང་པོ་བསྟུད་མར་འོང་ཞིང༌། མ་མོ་དང་བརྟན་མ་ཁྲོས་ནས་མི་ནད་དང་ཕྱུགས་ནད་མིང་བཏགས་སུ་མི་བཏུབ་པ་མང་པོ་མེ་མཆེད་པ་ལྟར་དུ་འོང་བ། གློ་བུར་དུ་ས་གཡོ་བ་དང་ཆུ་བརྡོལ་བ། མེ་འབར་བ་དང་རླུང་ཆེན་པོ་ལངས་ཏེ་གཙུག་ལག་ཁང་དང་མཆོད་རྟེན་དང་གྲོང་ཁྱེར་ལ་སོགས་པ་སྐད་ཅིག་ལ་འཇིག་པར་འགྱུར་བ་སོགས་ལྟས་སྣ་ཚོགས་པ་འབྱུང་དུས་མཆོད་རྟེན་ཆེན་མོ་འདི་ཉིད་ཀྱང་ཞིག་རལ་དུ་འགྱུར་ཞིང༌། དེའི་རྐྱེན་གྱིས་རྒྱ་གར་རྡོ་རྗེ་གདན་དུ་ཆོས་འཁོར་ཉམས་པ།
    བལ་པོའི་ཡུལ་དུ་དམག་འཁྲུག་རླུང་ལྟར་ལངས་ནས་རྒྱུན་ཆད་མེད་པ། རྒྱ་དཀར་པོའི་ཡུལ་དུ་མུ་གེས་དང་བལ་ཡུལ་མཐིལ་དུ་རིམས་ནད་སྣ་ཚོགས་པས་མི་ཐོག་བུད་པ། མངའ་རིས་སྟོད་དུ་ས་གཡོས་ཤིང་དབུས་གཙང་མཐིལ་དུ་ནད་རིམས་དང་མུ་གེས་མི་ཐོག་བུད་པ། སྐྱི་ཤོང་ཕྱོགས་སུ་ས་རྡིབ་ཅིང་མོན་གྱི་ཡུལ་དུ་གངས་རི་ཉིལ་བ། བོད་ཀྱི་རི་བོ་རྩེ་ལྔར་བཙན་རྫོང་གསུམ་འབྱུང་བ། མོན་དོམ་ཚང་གི་རོང་ལ་སྒྲུབ་སྡེ་འཆའ་བ། ཁམས་ཀྱི་ཕྱོགས་སུ་ཉི་མ་གཉིས་འཆར་བ། རྒྱ་ནག་གི་རྒྱལ་པོ་གློ་བུར་དུ་འཆི་བ། མཐའི་དམག་བཞི་དབུས་སུ་འོང་ཞིང་མུ་དུར་ཧོར་གྱིས་མངའ་རིས་འཇོམས་པ། འཇང་གི་དམག་གིས་ཁམས་སུ་འཇུག་ཅིང་དུ་རུ་ཁའི་དམག་གིས་རྒྱ་གར་འཇོམས་པ། གར་ལོག་གི་དམག་གིས་བསྟན་པ་བཤིགས་ཤིང་ར་ས་འཕྲུལ་སྣང་ཆབ་ཀྱིས་ཉེན་པ། དཔལ་གྱི་བསམ་ཡས་ཞིག་རལ་གྱུར་ཅིང་ཁྲ་འབྲུག་མཆོད་རྟེན་ཆོས་འཁོར་ཡོ་བ། བོད་ཀྱི་གནས་ཆེན་སྟོང་པར་ལུས་ཤིང་དབེན་སར་བོན་གྱིས་བསྭོ་སྒྲ་སྒྲོག་པ། ཆེ་བཙུན་ཐམས་ཅད་དུག་གིས་འཆི་ཞིང་བཤད་སྒྲུབ་བསྟན་པ་དུམ་བུར་རྩོད་པ། བསྟན་འཛིན་སྐྱེས་བུ་གློ་བུར་དུ་གྲོངས་ཤིང་དམ་ཉམས་ཟོག་པོས་མི་མགོ་བསྐོར་བ། སྤྱང་ཀི་རྒྱབ་སེར་རྒྱང་གླུ་ལེན་ཞིང་བདུད་ཀྱི་སྤྲུལ་པས་བོད་ཁམས་གང་བ།
    ལྷ་ཆོས་དར་གྱི་མདུད་པ་གྲོལ་ཞིང་མི་ཆོས་སོག་མའི་ཕོན་ཐག་ཆད་པ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག་སྟེ་ཡུལ་ཁྲིམས་སྐྱེད་པའི་མཚོ་མོ་སྐམ་པ། རང་ཁྲིམས་ངོ་ཚའི་གཡང་ལུགས་ཕུད་པ། ཆོས་བྱེད་སྐྱེས་བུ་ཁས་ཞན་དབང་ཐང་ཆུང་བ། ཆོས་མེད་ཁྲེལ་ཤོར་མགོ་བོ་རྒོད་པ། མཁན་སློབ་དགེ་བཤེས་སྡེ་དཔོན་བྱེད་པ། སྐྱེ་བོས་ཚོགས་དཔོན་བྱས་ཏེ་ཆོས་བཤད་དབང་བསྐུར་བྱེད་པ། ཚོགས་གསོག་ངོ་སྲུང་ཁ་ལན་ལ་རེ་བ། ཤན་པས་མི་མགོ་བྱེད་པ། ལ་ལུང་འཕྲང་གསུམ་ཇག་པས་ཁེངས་པ། བོད་ཀྱི་མདུན་མ་སུ་ཐུབ་བརྡུང་བ། དམ་མེད་ཁྲིམས་མེད་མགོ་མེད་སིལ་བུའི་དུས་སུ་རང་གི་སྤྱོད་པས་བོད་ཁམས་ཕུང་བ་སོགས་དུས་ངན་དེ་རྣམས་ཐམས་ཅད་འཇིག་རྟེན་གྱི་ཁམས་འདིར་མཆོད་རྟེན་ཆེན་མོ་འདི་ཉིད་ཞིག་ཅིང་རལ་བའི་ཉེས་པ་ལས་བྱུང་ཞིང༌། ཞིག་གསོ་དགོས་པའི་དུས་ལ་བབ་པའི་རྟགས་ཡིན་པས་དེའི་དུས་སུ་སྐལ་བ་དང་ལས་འཕྲོ་ལྡན་པའི་གང་ཟག་ཞིག་གིས་ཚེ་འདི་བློས་བཏང་ནས་ལྷག་པའི་བསམ་པ་ཆེན་པོ་བསྐྱེད་ཅིང་ཞིག་གསོ་བྱེད་པར་འགྱུར་རོ།།
    ཞེས་མ་འོངས་གསལ་གཟིགས་ཀྱི་ལུང་བསྟན་གནང༌། སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཙོས་དེར་འདུས་པ་ཐམས་ཅད་དངངས་ཤིང་སྐྲག་སྟེ་ཡིད་མི་བདེ་བའི་ངང་ཤུགས་རིང་ནར་ནར་འབྱིན་ཚེ། ཆོས་བློན་པདྨ་གུང་བཙན་དེ་ཉིད་སྟན་ལས་ལངས་ཏེ་བརྐྱང་ཕྱག་ལན་བརྒྱར་འཚལ་ཞིང༌། དེ་ལྟ་བུའི་དུས་ངན་སྙིགས་མའི་དུས་སུ་མཆོད་རྟེན་ཆེན་མོའི་ཞིག་གསོ་དགོས་པ་བདག་གིས་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར། སློབ་དཔོན་ཆེན་པོས་དེ་ལྟར་འགྲུབ་པར་གྱུར་པའི་ཐུགས་སྨོན་མཛད་ཅིང་མཁན་པོ་དང་ལོ་ཙ་བ་རྣམས་ཀྱིས་ཀྱང་མཐུན་འགྱུར་གནང༌། ཆོས་རྒྱལ་ཆེན་པོས་རྗེས་སུ་ཡི་རང་བ་དང་གྲོགས་མཛད་པའི་སྨོན་ལམ་བཏབ་བོ།།

༈ བརྒྱད་པ། གུ་རུའི་ལུང་བསྟན་བཞིན་དུས་དབང་གིས་མཆོད་རྟེན་ཆེན་མོ་འདི་ཉིད་ཉམས་ཆགས་སུ་གྱུར་སྐབས་ཞིག་གསོ་མཛད་པའི་སྐྱེས་ཆེན་རྣམས་ཇི་ལྟར་བྱོན་ཚུལ་གྱི་སྐོར།
    དེ་ཡང་། ཨོ་རྒྱན་ཆེན་པོས། ཉོན་ཅིག་རྒྱལ་པོ་ཆེན་པོ༔ མཆོད་རྟེན་ཆེན་པོ་འདི་ཉིད་ཡང་དག་པར་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དང་དབྱེར་མེད་པས༔ ཞིག་རལ་ཉམས་པ་ལ་སོགས་པ་མི་འབྱུང་༔ ཀུན་རྫོབ་ལྟར་སྣང་དུ་འབྱུང་བཞིའི་རྐྱེན་གྱིས་ཞིག་ཅིང་རལ་བའི་ཚུལ་འགའ་ཞིག་སྟོན་པར་འགྱུར་ཏེ༔ རིགས་གསུམ་མགོན་པོ་དང་༔ ཁྲོ་གཉེར་ཅན་དང་རྗེ་བཙུན་སྒྲོལ་མ་རྣམས་ཀྱི་སྤྲུལ་པ་འགའ་རེས་ཞིག་གསོ་བྱེད་པར་འགྱུར་རོ༔ ཞེས་དང༌། དེའི་དུས་སུ་སྐལ་བ་དང་ལས་འཕྲོ་ལྡན་པའི་གང་ཟག་ཞིག་གིས་ཚེ་འདི་བློས་བཏང་ནས་ལྷག་པའི་བསམ་པ་ཆེན་པོ་བསྐྱེད་ནས་ཞིག་གསོ་བྱས་ནས་འགྲུབ་པར་འགྱུར་རོ༔ ཞེས་པའི་ལུང་བསྟན་ལྟར་སྐྱེས་ཆེན་དེ་དག་གིས་མཆོད་རྟེན་ཆེན་མོར་ཞིག་གསོ་ཇི་ལྟར་མཛད་པའི་སྐོར་རྣམས་མདོར་བསྡུས་ཙམ་བརྗོད་ན།

     ༈ དཀར་ཆག་གངས་ཅན་རྣ་བའི་བདུད་རྩི་ལས། སྤྱིར་མཆོད་རྟེན་འདི་ཉིད་སྔོན་གྱི་བར་སྐབས་རྣམས་སུ་ཞིག་རལ་ཉམས་ཆག་གི་རྣམ་པས་བྱེ་མ་སོགས་པའི་རྡུལ་གྱིས་གཡོགས་ཤིང་ནུབ་ནས་མི་མངོན་པར་ཡོད་པ་ལ་གུ་རུ་རིན་པོ་ཆེའི་ལུང་བསྟན་དུས་ལ་བབས་པས་སྤྲུལ་པའི་སྐྱེ་མཆོག་ཡོལ་མོ་བ་ཤཱཀྱ་བཟང་པོས་བཏོན་ཏེ་ཞིག་གསོས་མཐུན་རྐྱེན་ཚུལ་བཞིན་དུ་བསྒྲུབས་ཤིང་རྒྱ་ཆེར་བསྔགས། སླར་ཡང་མཆོད་རྟེན་ཆེན་པོའི་མཚན་ཉི་ཟླ་ལྟར་གྲགས་པ་ཡིན། ཞེས་གསུངས་པ་ལྟར། རིག་འཛིན་ཡོལ་མོ་བ་ཤཱཀྱ་བཟང་པོའི་སྐོར་མདོ་ཙམ་གླེང་བར་བྱ་སྟེ།
    དམ་པ་འདི་ཉིད་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པར་མཆོད་རྟེན་ཆེན་མོ་བཞེངས་པའི་གྲོགས་བྱས་ཤིང་ཆོས་བློན་དུ་སྐྱེ་བར་སྨོན་ལམ་བཏབ་སྟེ་ཕྱིས་སུ་གངས་ཅན་བོད་ལྗོངས་སུ་མཁན་སློབ་ཆོས་གསུམ་གྱི་བསྟན་པ་སྐྱོང་སྐབས་ཆོས་ཀྱི་བཀའ་བློན་པདྨ་གུང་བཙན་གྱི་སྐྱེ་བ་བཞེས་ཏེ་རྒྱལ་བསྟན་རིན་པོ་ཆེ་འཛུགས་པར་སྲི་ཞུ་བླ་ན་མེད་པ་སྒྲུབ་པར་མཛད་པ་དང༌། སློབ་དཔོན་ཆེན་པོའི་ཞལ་སྔ་ནས།
    མ་འོངས་ཚེ་ཚད་ལྔ་བཅུ་ཁ་རལ་ཡང་མཐའི་དུས་སུ༔ དུས་ངན་རྟགས་མཚན་བརྒྱ་དང་རྩ་གཅིག་ལངས་པའི་དུས་དེར་འགོས་ཀྱི་ཆོས་བློན་པདྨ་གུང་བཙན་གྱི་སྨོན་མ་གྱི་སྤྲུལ་པའི་སྐྱེ་བ་གཅིག༔ གཙང་ཉི་མ་སྟོད་ཀྱི་ཕྱོགས་སུ་འབྱུང་བར་འགྱུར་ཏེ༔ སོགས་ནས། སྐྱེས་བུ་དེ་ཉིད་ལ་དམ་སེལ་དང་དམེ་གྲིབ་ཀྱིས་མ་ཕོག་ན་ལོ་ཉི་ཤུ་རྩ་ལྔ་ལ་མཆོད་རྟེན་ཆེན་མོ་འདིའི་ཞིག་གསོ་བྱེད་པར་འགྱུར་རོ༔ དེ་ལས་འགྱངས་ན་ལོ་སུམ་ཅུ་རྩ་གསུམ་ལ་ཞིག་གསོ་འགོ་བཙུགས་ཏེ་མཐར་ཕྱིན་པ་བྱེད་པར་འགྱུར་རོ༔ ཞེས་མ་འོངས་པར་མཆོད་རྟེན་ཆེན་མོ་ཞིག་གསོ་གནང་བའི་སྐྱེས་བུར་ལུང་བསྟན་མཛད་ཅིང༌། ཁྱད་པར་རྗེ་ཉིད་ནས་གོང་དུ་གསལ་བ་ལྟར་ཚེ་རབས་སྐྱེ་བའི་ཕྲེང་བར་སྨོན་ལམ་རྣམ་པར་དག་པ་བཏབ་པའི་མཐུས་ལ་སྟོད་ལྷོ་གྲོམ་པ་རྫོང་དུ་སྐུ་འཁྲུངས་ཤིང་སྐུ་ན་ཆུང་དུས་ནས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་རིས་སུ་མ་ཆད་པའི་གསང་སྔགས་གསར་རྙིང་གི་དབང་ལུང་མན་ངག་གསུམ་ནོད་དེ་མཁས་གྲུབ་གཉིས་ལྡན་གྱི་སར་གཤེགས། མཁའ་འགྲོའི་ལུང་བསྟན་ལྟར་ཆུ་སྤྲེལ་ལུག་ཟླའི་ཚེས་བཅོ་བརྒྱད་ལ་བསམ་ཡས་མཆོད་རྟེན་དམར་པོ་ནས་བྱ་རུང་ཁ་ཤོར་ཞིག་གསོ་ལུང་བསྟན་གྱི་ཤོག་རིལ་སོགས་གཏེར་ཆོས་མང་དུ་བཞེས་ཤིང་བལ་ཡུལ་དུ་ཕེབས་ཏེ་དུས་དབང་གིས་མཆོད་རྟེན་ཆེན་མོ་འདི་ས་རྡོ་སོགས་ཀྱིས་བཀབ་ཅིང་རི་དང་དབྱེར་མི་ཕྱེད་པ་ཞིག་ཏུ་གྱུར་ཡོད་པ་དེ་ཉིད་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་མངོན་པར་གསལ་ཏེ་རབ་གནས་མཛད་པས་མེ་ཏོག་གི་ཆར་བབ་པ་སོགས་མཐུན་སྣང་གི་རྟགས་མཚན་ཁྱད་པར་བ་བསམ་གྱིས་མི་ཁྱབ་པ་བྱུང༌།      མཆོད་རྟེན་ཆེན་མོའི་སྲོག་ཤིང་ལས་བལ་རྒྱལ་འོད་ཟེར་གོ་ཆའི་གདུང་གཏེར་ནས་བཞེས་ཤིང་འགྲོ་དོན་རྒྱ་ཆེར་སྤེལ། ཨོ་རྒྱན་ཆེན་པོའི་སྦས་གནས་ཆེན་མོ་བཞིའི་ཡ་གྱལ་སྦས་ཡུལ་ཡོལ་མོ་གངས་རའི་གནས་སྒོ་འབྱེད་པར་མཛད་ཅིང་བསྟན་འགྲོའི་དོན་རྒྱ་ཆེར་གནང༌།

     ༈ དེའི་རྗེས་རྗེ་ཉིད་ཀྱི་སྐུ་ཕྲེང་གསུམ་པ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་༼༡༥༩༨-༡༦༤༤༽ མཆོག་ཡམ་བུའི་རྒྱལ་པོས་ནཻ་པ་ལའི་ཡུལ་དུ་སྤྱན་དྲངས་ནས་བཀུར་བཟོས་ཆེ་བར་མཛད་ཅིང༌། མ་ཧཱ་རཱ་ཛཱས་མཐུན་རྐྱེན་བསྒྲུབས་ཏེ་དེང་སང་གུ་རུ་ལྷ་ཁང་དུ་གྲགས་པའི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་འགྲམ་གྱི་དཀོར་གཉེར་སྡོད་ཁང་དེ་ཉིད་གསར་བཞེངས་མཛད། དེའི་ཚེ་གད་པ་གཅིག་ལ་ཕྱག་མཛུབ་བཙུགས་ཏེ་འདི་ནས་ཆུ་ཞིག་བྱུང་ན་གསུངས་པས་སླར་དེ་ནས་ཆུ་མིག་དཀར་མོ་ཞིག་བྱུང༌། མཆོད་རྟེན་ལ་རབ་གནས་མཛད་པས་མེ་ཏོག་གི་ཆར་བབ། སྨོན་ལམ་འདེབས་པར་མཛད་པ་རྣམས་ཀྱང་འཕྲལ་དུ་འགྲུབ་པ་བྱུང༌། དེའི་རྗེ་ཡོལ་མོ་གངས་རར་ཕེབས་ཏེ་གོང་མའི་གདན་ས་བཟུང་སྟེ་སྒྲུབ་པར་གཞོལ།

     ༈ དེའི་རྗེས་མེ་ཁྱི་ལོའི་སྔོན་ཙམ་ནས་མཆོད་རྟེན་ཆེན་མོ་འདི་ཉིད་འབྱུང་བའི་གནོད་པས་བྲེ་ཡན་ཆད་ཞིག་པའི་རྣམ་པ་བསྟན་ཅིང༌། གཏེར་སྟོན་ཡོལ་མོ་བ་རིག་འཛིན་ཆེན་པོའི་སྐུ་ཕྲེང་བཞི་པ་ཟིལ་གནོན་དབང་རྒྱལ་རྡོ་རྗེ་མཆོག་ ༼༡༦༤༧-༡༧༡༦༽ གི་རྨི་ལམ་དུ་མཆོད་རྟེན་ཆེན་མོ་འདི་ཉིད་ཞིག་གསོ་གནང་ཐུབ་ན་སྤྱིར་སྐྱེ་འགྲོ་ཡོངས་དང་ཁྱད་པར་ཁ་བ་རི་པའི་འགྲོ་བ་རྣམས་ལ་བདེ་སྐྱིད་འབྱུང་བའི་ལུང་བསྟན་གྱི་སྐུལ་མ་བྱུང་བ་ལྟར་མེ་ཕག་ཟླ་བ་དང་པོའི་ཚེས་བཅོ་ལྔ་ཉིན་མཆོད་རྟེན་ཆེན་མོའི་དྲུང་དུ་ཕེབས་ཤིང་ཨར་ཆོག་ཕུལ་ནས་བཤིག་པའི་གྲབས་བཙུགས།      སྐབས་དེར་གནས་བདག་པུ་ཁ་སིས་གློ་བུར་དུ་རླུང་འཚུབ་དང་དྲག་ཆར་ཕབ་ཅིང༌། གློག་མེ་ལྕེ་ལྟར་ཁྱུག འབྲུག་སྐད་ས་ཁོལ་བ་ལྟ་བུ་བསྒྲགས་ཏེ་ཐོག་འབེབས་པ་སོགས་འཇིགས་སུ་རུང་བའི་ཆོ་འཕྲུལ་སྣ་ཚོགས་བསྟན། དེར་རྗེ་ཉིད་ནས་གནས་བདག་མོའི་འཚུབ་མ་བཏང་བ་མཁྱེན་ཅིང་དེ་ཉིད་དུ་ཕེབས་ཏེ། ཁྱོད་འདྲ་བའི་སངས་རྒྱས་ཀྱི་བསྟན་པ་སྲུང་མཁན་ཡོང་བ། མཆོད་རྟེན་ཆེན་པོ་ས་ཕུང་དུ་འགྲོ་བར་འདུག་ན། ཁྱོད་ཀྱི་སྡུག་མིག་ཞར་བྱུང་ངམ། ད་ལྟ་ཉིད་དུ་ཆར་དང་རླུང་འཚུབ་ཕྱིར་བསྡུས་ཤིག ཉི་མ་དེ་རིང་ནས་བཟུང་ཞིག་གསོ་མཐར་མ་ཕྱིན་བར་མི་ལ་སྐྱོན་དང་བསམ་པ་ལ་བར་ཆད་བྱས་ཚེ། ཁྱོད་གནས་ཁང་འདི་ནས་འདོན་མ་ཐུབ་ན། ང་རིག་འཛིན་རྒྱལ་བའི་གདུང་འཚོབ་མགོ་ལ་རལ་པ་བཀྲིས་པ་དོན་གོ་ཆུང་ཞེས་ཐུགས་རྒྱལ་དང་བཅས་བདེན་སྟོབས་དྲག་ཏུ་མཛད་པས་ཆོ་འཕྲུལ་རྣམས་རང་སར་ཞི། ཞིག་གསོའི་དུས་སུ་རྗེ་ཉིད་ཀྱི་གཟིགས་སྣང་ལ་མཆོད་རྟེན་ཆེན་མོའི་སྟེང་གི་ནམ་མཁར་ཐལ་དཀར་ཆེ་བ་དྲུག་ལྡན་གྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཐོག་པདྨ་དང་ཟླ་བའི་གདན་ལ་གཡས་སུ་རྒྱལ་བ་མར་མེ་མཛད། གུང་དུ་སྟོན་མཆོག་ཤཱཀྱ་ཐུབ་པ། གཡོན་དུ་རྒྱལ་ཚབ་བྱམས་པ་མགོན་པོ་རྣམས་དངོས་སུ་བཞུགས་པ་དང༌། མཆོད་རྟེན་ཆེན་མོར་ཐིམ་པ་སོགས་ངོ་མཚར་བའི་གཟིགས་སྣང་མང་དུ་བྱུང༌། མཆོད་རྟེན་ཆེན་མོའི་ཞིག་གསོ་གྲུབ་སྟེེ་རབ་གནས་མཛད་པའི་སྐབས་སུའང་ས་ཆེན་པོ་རབ་ཏུ་གཡོ་བ་དང༌། མཆོད་རྟེན་གྱི་གཉྫི་ར་ཡུན་རིང་དུ་ཡོམ་པ། དྲིལ་བུའི་སྒྲ་རང་འཁྲོལ་དུ་བྱུང་བ་སོགས་བཀྲ་ཤིས་པའི་ལྟས་བཟང་རྣམས་དེར་འདུས་པའི་འཁོར་ཚོགས་ཀུན་ཀྱིས་མཐོང་ཆོས་སུ་གྱུར།

     ༈ དེ་ནས་ཀཿཐོག་པ་རིག་འཛིན་ཚེ་དབང་ནོར་བུ་མཆོག་༼༡༦༩༨-༡༧༥༦༽གིས་ཉམས་གསོ་མཛད་ཚུལ་ནི། གུར་བཀྲའི་ཆོས་འབྱུང་ཆེན་མོ་ལས། རིག་འཛིན་ཚེ་དབང་ནོར་བུ་མཆོག་སླར་ཡང་སི་ཏུ་རིན་པོ་ཆེ་དང་ལྷན་བལ་ཡུལ་དུ་ཕེབས་པས་བལ་པོའི་རྒྱལ་པོ་རྣམས་ཀྱིས་བསྙེན་བཀུར་ཕུལ། འདི་དུས་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་མཛད། ཅེས་པ་ལྟར། དགུང་ལོ་ཉེར་དྲུག་པ་ཆུ་ཡོས་ ༡༧༢༣ ལོའི་སྟོན་མཇུག་ཏུ་བལ་ཡུལ་དུ་ཕེབས། དགུང་ལོ་སོ་གཅིག་པ་ ༡༧༢༨ ལོར་མཆོད་རྟེན་ཆེན་མོའི་རབ་གནས་ལ་བྱོན། དགུང་ལོ་ང་གཅིག་པ་ས་འབྲུག་ ༡༧༤༨ ལོར་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་དང་ལྷན་དུ་བལ་ཡུལ་དུ་ཕེབས་ནས་ ༡༧༤༩ ལོར་བལ་པོའི་རྒྱལ་པོས་ཞུས་པ་ལྟར་མཆོད་རྟེན་ཆེན་མོའི་སྲོག་ཤིང་བརྗེ་བར་མཛད་ཅིང་ཉམས་གསོ་ཕུན་སུམ་ཚོགས་པ་གནང་སྟེ་ཕྱིར་ཕེབས། དགུང་གྲངས་ང་བདུན་པ་ཤིང་ཁྱི་ ༡༧༥༤ ལོར་སླར་བལ་ཡུལ་དུ་ཕེབས་ཤིང༌། དེའི་ཕྱི་ལོ་མངའ་རིས་མང་ཡུལ་སྐྱིད་གྲོང་དུ་ཕེབས་ཏེ་དགོངས་པ་རྫོགས། དམ་པ་འདི་ཉིད་སྐུ་ཚེ་སྨད་ལ་བལ་ཡུལ་དུ་བཞུགས་པར་མཛད་ཅིང་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་ཀྱང༌། རྣམ་ཐར་གསལ་ཁ་ཞིག་མ་མཇལ་བས་འདིར་ཞིབ་ཏུ་འགོད་ཐབས་བྲལ།

    ༈ དེའི་རྗེས་རྗེ་བཙུན་ཞབས་དཀར་ཚོགས་དྲུག་རང་གྲོལ་༼༡༧༨༡-༡༨༥༡༽མཆོག་ནས་ཞིག་གསོ་ཇི་ལྟར་མཛད་ཚུལ་ནི། རབ་བྱུང་བཅུ་བཞི་པའི་ལྕགས་མོ་སྦྲུལ་གྱི་ལོ་སྨིན་དྲུག་ཟླ་བར་ཕྱག་མཛོད་སྐལ་བཟང་ཕྲིན་ལས་དང་བླ་མ་སྦྱིན་པ་ནོར་བུ། གྲུབ་དབང་སྐལ་ལྡན་རང་གྲོལ། ཕུག་བྲག་མཁན་པོ། མདའ་པ་བླ་མ་སོགས་སྐལ་ལྡན་གྱི་སློབ་མ་བརྒྱ་ཕྲག་མང་པོ་སྔ་ཕྱི་རིམ་ཅན་གྱིས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་གསེར་ཟངས་ཀྱིས་ན་བཟའ་བསྒྲོན་དུ་འགྲོ་བའི་སྐབས་རྗེ་ཉིད་ནས་བལ་པོའི་རྒྱལ་བློན་རྣམས་ལ་ཞུ་ཡིག་སྔ་ཕྱི་ལན་གཉིས་ཙམ་ཕུལ་ཅིང༌། ཞུ་ཡིག་རྗེས་མ་ལས།
    བྱ་བཏང་ནོར་མེད་སྤྲང་པོ་བདག་གིས་ཀྱང༌། །ཡངས་པའི་རྒྱལ་ཁམས་སྤྱི་དང་ཁྱད་པར་དུ། །བལ་བོད་གཉིས་ཀྱི་སྐྱེ་འགྲོ་སེམས་ཅན་ལ། །བདེ་སྐྱིད་ཉི་མ་གསར་དུ་འཆར་བའི་ཕྱིར། །གནམ་ལོ་ད་ལོ་སྦྲུལ་གྱི་ལོ་ནང་དུ། །མཆོད་རྟེན་བྱ་རུང་ཁ་ཤོར་སྐུ་སྟོད་ལ། །བལྟ་ན་རབ་མཛེས་གསེར་ཟངས་ན་བཟའ་ཞིག །བསྒྲོན་ལ་རྒྱལ་བློན་འཁོར་དང་བཅས་པ་ཡིས། །རོགས་རམ་གང་དགོས་འགོ་འདྲེན་གནང་དགོས་ཞེས། །སྔར་ཡང་གསོལ་བ་བཏབ་པ་དེ་བཞིན་དུ། །ད་དུང་ཡིན་ཡང་ཐལ་སྦྱར་གསོལ་བ་འདེབས།།
    ཞེས་གསོལ་བ་ནན་གྱིས་བཏབ་པ་ལྟར། སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་གྲུབ་ཅིང༌། དད་བརྩོན་ཤེས་རབ་ཡངས་པའི་གོརྵ་རྒྱལ་པོའི་མཆོད་གནས་བླ་མ་སྐལ་བཟང་རྒྱ་པོས་རྒྱལ་བློན་རྣམས་ལ་གང་དགོས་རྣམས་ཞུས། ཀ་ཤི་བྷིམ་ཤིང་ཀརྣལ་སོགས་ཀྱིས་གྲོགས་མཛད་ནས་མཆོད་རྟེན་རིན་པོ་ཆེའི་ཆོས་འཁོར་བཅུ་གསུམ་ཡོངས་རྫོགས་གསེར་ཟངས་ཀྱི་ན་བཟའ་བསྒྲོན། ལས་རིམ་རྣམས་གྲུབ་པའི་གནས་ཚུལ་རྗེ་བཙུན་གྱི་སྙན་དུ་སོན་པས་ཐུགས་ཤིན་ཏུ་དགྱེས་པའི་ཉམས་དང་བཅས།
    ད་རེས་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་སུ། །དམིགས་ནས་མཆོད་རྟེན་ཆོས་འཁོར་གསེར་གྱིས་བཏུམས། །རང་གཞན་བསྟན་འགྲོའི་དོན་ཆེན་བརྒྱ་ཕྲག་ལྷག །འགྲུབ་པའི་བསྔོ་བ་སྨོན་ལམ་ཡང་དག་བྱས། །ད་ནི་ཤི་ཡང་དགའ་སྟེ་སྨོན་ལམ་ཐེབས། །གསོན་ཡང་དགའ་སྟེ་བསྟན་འགྲོའི་དོན་ཆེན་འགྲུབ། །ཚུལ་འདིར་བསམས་ན་འདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་དངོས་བརྒྱུད་བླ་མ་རྣམས། ། ད་དུང་བདག་གི་སྐྱིད་སྡུག་ཁྱེད་རང་མཁྱེན། །བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱོངས་ཤིག །འདི་ཐོས་རྣམས་ཀྱིས་རྗེས་སུ་ཡི་རང་བྱས། །དེ་མཐུས་བསོད་ནམས་མཉམ་དུ་འཐོབ་པར་ཤོག།
    ཅེས་དབྱངས་སྙན་གྱི་རྟར་དྲངས་ཏེ་བླངས་པས་དེར་འཚོགས་ཀྱི་སྐྱེ་བོ་ཀུན་དགའ་ཞིང་སྤྲོ་བར་གྱུར། ཆོས་རྒྱལ་རིན་པོ་ཆེའི་ལུང་བསྟན་ལྟར་རྗེ་བཙུན་དམ་པ་འདི་ཉིད་མཆོད་རྟེན་གྱི་རབ་གནས་ལ་ཞབས་དངོས་སུ་མ་བཅགས་ཀྱང༌། ཕྱིས་སུ་རབ་གནས་ཀྱི་ཉིན་བླ་མ་ཁྲི་ཚོ་ཙམ་ཞིག་འཚོགས་པ་ལ་ཚོགས་ཀྱི་དགའ་སྟོན་དང་འབྲེལ། གྲུབ་དབང་སྐལ་ལྡན་རང་གྲོལ་གྱིས་འཚོགས་མི་ཡོངས་ལ་ཚེ་དབང་དང༌། གཞན་བླ་མ་སྦྱིན་པ་ནོར་བུ་དང་ཕུ་བྲག་མཁན་པོ་སོགས་དགེ་བའི་བཤེས་གཉེན་དུ་མས་རབ་གནས་དངོས་སུ་གནང་སྐབས་རྗེ་བཙུན་རང་ཉིད་ནས་ཀྱང་ལ་ཕྱི་གངས་ཀྱི་ར་བ་ནས་རབ་གནས་ཀྱི་དམིགས་པ་གནང་སྟེ་མེ་ཏོག་འཐོར་བས། སློབ་མ་ཡོན་བདག་རྣམས་ཀྱི་དད་མོས་དང་བླ་མའི་ཐུགས་རྗེའི་རྟེན་འབྲེལ་གྱི་མཐུས་གང་ཟག་ལས་སྣང་དག་པ་ཀུན་ལ་ནམ་མཁའི་ཀློང་ནས་འཇའ་སྤྲིན་གྱིས་གང་བའི་དཀྱིལ་དུ་རྗེ་བཙུན་རང་ཉིད་ཀྱིས་རབ་གནས་དངོས་སུ་མཛད་པ་མཐོང་བ་དང༌། གཞན་འཚོགས་མི་ཀུན་ཀྱིས་འཇའ་སྤྲིན་གྱི་ཀློང་ན་འོད་ཀྱི་གོང་བུ་དང༌། བྱ་རྒོད་ཆེན་པོ་ཞིག་གིས་སྐོར་བ་ཡང་ཡང་བྱས་ཏེ་ལ་ཕྱིའི་ཕྱོགས་སུ་འགྲོ་བར་མཐོང་བ་དང༌། མཆོད་རྟེན་རབ་གནས་སྐབས་མེ་ཏོག་གི་ཆར་དངོས་སུ་བབ་པ་རྣམས་དེར་ཡོད་སྐྱེ་བོ་ཕལ་ཆེ་བས་བླངས་ནས་དད་རྟེན་དུ་འཁྱེར་བ་སོགས་ངོ་མཚར་རྨད་དུ་བྱུང་བའི་རྟགས་མཚན་མང་དུ་བྱུང་བར་གྲགས།
    རྗེ་ཉིད་ནས། བདག་གིས་མ་འོངས་སྐྱེ་བ་གཞན་དག་ཏུ། །མཆོད་རྟེན་ཡོངས་རྫོགས་རིན་ཆེན་གསེར་གྱིས་བཏུམས། །སྟེང་དུ་སངས་རྒྱས་སྟོང་དང་རྒྱུད་སྡེ་བཞིའི། །ལྷ་ཚོགས་དཔག་ཏུ་མེད་པས་མཚན་པར་སྨོན། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །བསྟན་དང་འགྲོ་བ་ཡོངས་ལ་ཕན་ཕྱིར་བསྔོ། །དེ་མཐུས་སངས་རྒྱས་བསྟན་པ་དར་ཞིང་རྒྱས། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །འཇིག་རྟེན་ཁམས་འདིར་ནད་མུག་འཁྲུག་རྩོད་སོགས། །མི་འདོད་ཉེར་འཚེའི་མིང་ཡང་མི་གྲགས་ཤིང༌། །ཚེ་རིང་ནད་མེད་ལོ་ལེགས་འབྲུ་ནོར་འཕེལ། །བཀྲ་ཤིས་ཆེན་པོས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པ་སོགས་ཐུགས་སྨོན་རྒྱ་ཆེར་མཛད་དོ།། །།

འདིར་གུས་པས་ལོ་རྒྱུས་ཀྱི་ཡིག་ཆ་ཡོངས་རྫོགས་ལག་སོན་མ་བྱུང་བས་མཆོད་རྟེན་ཆེན་མོ་ཞིག་གསོ་མཛད་པ་པོ་ཀུན་ཀྱི་ངོ་སྤྲོད་འཐུས་ཚང་ཞིག་འགོད་ཐབས་བྲལ་ཀྱང༌། རྗེས་སུ་མུ་མཐུད་དེ་དུས་དེབ་འདི་ཉིད་བརྒྱུད་ཀློག་པ་པོ་ཀུན་ཀྱི་སྤྱན་ལམ་དུ་འབུལ་ཆོག་པར་ཞུའོ།།

    ༈ སླར་སྨོན་པ། མི་མཇེད་ཞིང་དུ་ཕན་བདེའི་གཞིར་བསྔགས་པ། །སྙིགས་དུས་འགྲོ་བའི་རེ་སྐོང་དཔག་བསམ་ཤིང༌། །བྱ་རུང་ཁ་ཤོར་ལོ་རྒྱུས་མདོར་བསྡུས་ཙམ། །བྲིས་པའི་ལས་ལ་རྣམ་དཀར་ཆ་སྲིད་ན། །དུས་གསུམ་རྒྱལ་བ་ཀུན་ཀྱི་ཐུགས་རྟེན་མཆོག །མཁའ་མཉམ་སྐྱེ་འགྲོ་ཡོངས་ཀྱི་མགོན་གཅིག་པུ། །སངས་རྒྱས་ཀུན་འདུས་ངོ་མཚར་མཆོད་པའི་རྟེན། །སྲིད་མཐའི་བར་དུ་མི་འགྱུར་རྟག་བརྟན་ཅིང༌། །བདག་ཀྱང་སྔོན་བྱོན་དམ་པའི་མཛད་བཟང་དང༌། །རྗེས་མཐུན་རྟེན་མཆོག་འདི་ལ་བྱང་ཆུབ་བར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་རབ་དཀྲིགས་ཏེ། །མཆོད་པའི་སྐལ་བཟང་དམ་པ་འཐོབ་པར་སྨོན། །དེ་སྐད་ལྷག་བསམ་དག་པས་སྨོན་པ་ལ། །བསླུ་མེད་རྟེན་མཆོག་འདི་ཡི་བདེན་སྟོབས་དང༌། །སྲས་བཅས་རྒྱལ་བ་ཀུན་ཀྱི་ཐུགས་རྗེ་ཡིས། །བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཞུ། ། 
    ལོ་རྒྱུས་འདི་ཉིད་གུས་པས་སྤྱི་ལོ་ ༢༠༠༧ ལོར་བྲིས་ཏེ་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་འགྲེམས་སྤེལ་ཞུས་པའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་ཕྱེད་དུས་དེབ་པདྨའི་རང་མདངས་འདོན་ཐེངས་བཅུ་གཅིག་པའི་༼ལོ་རྒྱུས་རིན་ཆེན་ཕྲེང་བའི་༽ལེ་ཚན་དུ་བཀོད་པ་ལས་ཟུར་བཀོལ་ཞུས་པའོ།། །།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...