Saturday, October 25, 2008

ཨ་ཞང་པདྨ་རྒྱ་མཚོར་སྤྲིངས་པའི་འཕྲིན་ཡིག

༄༅། །ཨོཾ་སྭསྟི། མཐའ་མེད་ཤེས་བྱའི་ཀུན་གསལ་ཡངས་པའི་ཀློང༌།  །ངལ་མེད་ཐོས་བསམ་གཤོག་སྒྲོ་ལེགས་བརྐྱངས་ཏེ།  །གཡེལ་མེད་བརྩོན་པའི་གནམ་འཕང་གཅོད་བཞིན་དུ།  །དལ་མེད་འཚོ་གཞེས་ཨ་ཞང་མཆོག་གི་དྲུང༌།།
    རིང་ནས་དྲན་པའི་བག་ཆགས་བཙན་པོ་ཡིས། །མདང་གསུམ་རྨི་ལམ་ཞིང་དུ་ཁྱེད་ཀྱི་ཞལ། །སྒྱུ་མའི་དཔལ་དུ་བསྐྲུན་པའི་ལྟད་མོ་དེ། །ཕྲིན་ཆུང་འདི་ཉིད་འབྲི་བའི་སྐུལ་མར་སེམས། །འདི་ན་བདག་ཀྱང་མཚུངས་མེད་ཆོས་ཀྱི་རྗེ། གྲུབ་དབང་ཡིད་བཞིན་ནོར་བུའི་བཀའ་དྲིན་གྱིས། །བསྐྱངས་པའི་སྐལ་ལྡན་རྒྱ་མཚོའི་གྲལ་མཐའ་ན། །ལུས་ཁམས་བདེ་བའི་དཔལ་ལ་རོལ་བཞིན་གནས། །ཕྱོགས་དེར་སྐུ་ཉིད་གཙོས་པའི་ཆོས་གྲོགས་རྣམས། །བསླུ་མེད་མཆོག་གསུམ་ཐུགས་རྗེའི་གྲིབ་བསིལ་འོག །ནད་མེད་བདེ་བར་བཞུགས་པའི་ཚུལ་ཐོས་པས། །འཚབ་མེད་ཡིད་སེམས་བདེ་བའི་ངང་དུ་མཆིས། །ལྷག་པར་ཐོས་བསམ་དཔལ་ལ་གཡེལ་མེད་ཀྱི། །བརྩོན་པ་ཡར་ངོའི་དཔལ་ལྟར་གོང་འཕེལ་དུ། །བཞུགས་པའི་གནས་ཚུལ་ཐོས་པས་སེམས་གཏིང་ན། །འགག་མེད་བློ་བདེའི་ཚོར་སྣང་ཡང་ཡང་བརྟས།།
སྤྱིར་ན་ཤེས་བྱའི་དཔལ་ལ་མཐའ་མེད་རུང༌། །གཡེལ་མེད་བརྩོན་པའི་རང་གཤིས་མ་དོར་ན། །མི་རིང་གྲངས་མེད་མཁས་དབང་རྒྱུ་སྐར་དབུས། །སྟོན་དུས་ཉ་རྒྱས་ཟླ་ལྟར་ཅི་མི་མཛེས། །དེ་ཕྱིར་ཕྲན་ཡང་བརྟུན་པ་ཆེར་བསྐྱེད་དེ། །རིག་པའི་གནས་ལ་སྦྱོང་འདོད་ཆེ་ལགས་མོད། །རྣམ་གཡེང་འདུ་འཛིའི་སླུ་བྲིད་ཁོ་ན་ལ། །གཡེངས་པས་མི་ཚེའི་ཕྱེད་ཀ་རྫོགས་ལ་རན། །མདོར་ན་དམ་པའི་ཞལ་ནས་འདི་སྐད་དུ། །སྔོན་ལས་མ་ཞན་མི་ལུས་རིན་ཆེན་ཐོབ། །བསོད་ནམས་མ་ཆུང་དམ་པའི་ཆོས་དང་མཇལ། །བླ་མས་རྗེས་བཟུང་དབང་བྱིན་གདམས་ངག་ཐོབ། །ནོར་བུ་རང་ལག་རྙེད་པའི་དུས་བྱུང་ཡང༌། །ཅོལ་ཆུང་སྤྲེའུ་འདྲ་བའི་རང་སེམས་འདི། །རྣམ་གཡེང་སླུ་འདྲིད་འགོང་པོའི་དབང་སོང་ནས། །རང་ནོར་རང་བདག་ཉམས་ལེན་མ་ནུས་ཏེ། །དལ་འབྱོར་གདམས་ངག་ཆབས་ཅིག་ཆུད་ཟོས་ཤོར། །ཞེས་པའི་དཔེ་རུ་རང་ཉིད་གྱུར་པའི་སྐབས། །བསམས་ན་ཡིད་སེམས་སྐྱོ་བའི་སྣོན་མ་ལས། །བརྣགས་པའི་བསམ་དོན་གྲུབ་པའི་སྐབས་དབེན་པས། །ཀྱེ་མ་དལ་འབྱོར་མི་ལུས་དོན་ལྡན་དུ། །བྱེད་པའི་བསོད་ནམས་བདག་ལ་མེད་སྙམ་སེམས། །འོན་ཀྱང་སྐུ་ཉིད་བདག་འདྲ་མ་ལགས་ཤིང༌། བསྟན་པའི་ཉི་མ་ཤར་རིའི་ཕྲག་པ་ནས། །བཞད་པའི་གནས་མཆོག་ཕུན་ཚོགས་ལྔ་ལྡན་ཞིང༌། ཨོ་རྒྱནམཁའ་འགྲོའི་ཡུལ་དང་དབྱེར་མེད་པར། སྨིན་གྲོལ་གདམས་པ་རྒྱ་མཚོའི་མཛོད་ཆེན་ལ། །སྤྱོད་པའི་གླིང་དེར་རྣམ་ཀུན་དལ་མེད་ངང༌། །རྣམ་དཀར་དཔལ་ལ་གཅིག་ཏུ་གཞོལ་བ་དེར། །རྩེ་གཅིག་སྙིང་ནས་ཡི་རངས་ལན་བརྒྱར་ཞུ།།
ཕྱོགས་འདིར་ལེ་ལོས་གཡེང་བས་བསླུས་པ་ཡི། །བདག་ཉིད་མ་གཏོགས་ཆོས་ཀྱི་གྲོགས་པོ་ཀུན། །ཐོས་བསམ་སྒོམ་པའི་དཔལ་ལ་གཡེལ་མེད་དུ། །བརྩོན་བཞིན་སྐུ་ཁམས་བདེ་བའི་ངང་དུ་མཆིས། །གཞན་ཡང་ཕྱོགས་དེར་ད་ལོའི་ལོ་མཇུག་ཏུ། །སྟོན་མཆོག་མཉམ་མེད་དོན་ཀུན་གྲུབ་པ་ཡི། །ཞལ་སྐྱིན་དམ་པ་རྩེ་སྤྲུལ་རིན་པོ་ཆེས། །རིན་ཆེན་གཏེར་གྱི་མཛོད་ཆེན་སྨིན་གྲོལ་དབང༌། །སྩོལ་བའི་ཕྲིན་བཟང་ཐོས་པས་བདག་ཉིད་ཀྱང༌། །བཅར་འདོད་ཡིད་ཀྱི་འདུན་པ་ཆེ་ལགས་མོད། །འཕྲལ་གྱི་ལས་བྱ་མང་བས་རྐྱེན་བྱས་ཤིང༌། །གང་འདོད་བསམ་དོན་ཐོག་ཏུ་མ་ཁེལ་བས། །སྐལ་བཟང་དེ་འདྲ་བདག་གིས་མ་དབང་ཡང༌། །ནམ་ཞིག་འཐོབ་པའི་སྨོན་ལམ་ཡང་ཡང་འདེབས། །འོན་ཀྱང་བདག་ལས་སྔོན་བསགས་རྣམ་དཀར་མཐུ། །ཁྱེད་ཉིད་བཙན་ནོ་ཆོས་ཀྱི་གྲོགས་པོ་ཀྱེ། །རྒྱལ་བསྟན་ཉི་མའི་འོད་སྣང་ཕྱོགས་ཀུན་ཏུ། །འཕྲོས་པའི་སྐབས་འདིར་སྨིན་གྲོལ་བདུད་རྩིའི་བཅུད། །ཅི་དགར་རོལ་བའི་དཔྱིད་དཔལ་བཞད་པ་ལ། །དཔག་མེད་དགའ་སྤྲོས་བློ་ཁ་རབ་རྒྱས་ཏེ། །རང་ལ་དབང་བའི་སྐལ་བཟང་ལས་ཀྱི་འཕྲོ། །དུས་སུ་སྨིན་པ་ནམ་ཡང་མ་བཤོལ་མཛོད།།
བདག་ནི་མི་རིང་དཔལ་ལྡན་བླ་མ་ཡི། །ཐུགས་རྗེའི་བཀའ་དྲིན་པདྨའི་ཚལ་ཡངས་པོར། །མདོ་སྔགས་གཞུང་ལུགས་རྒྱ་མཚོའི་རྩི་བཅུད་ལ། །སྤྱོད་པའི་སྐལ་ལྡན་འདུས་སྡེའི་གྲལ་མཐའ་རུ། །བགྲང་བྱ་རྣམ་དགུའི་བདེ་སྐྱིད་དཔལ་ཡོན་ལ། །ལྷན་ཅིག་རོལ་པའི་དུས་ཡུན་རྫོགས་ཉེ་བས། །ཡིད་སེམས་སྐྱོ་བའི་གདུང་བ་མི་བཟོད་ཀྱང༌། །འདུས་མཐའ་བྲལ་བའི་བསླུ་མེད་རྟེན་འབྲེལ་འདི། །ཟློག་པའི་ཆོ་ག་ཟབ་མོ་སུ་ཡིས་ཤེས།།
ཀྱེ་མ་རིན་གྱིས་བསླུས་ཀྱང་མི་ཁུག་ཅིང༌། །དབང་གཤེད་སྟོབས་ཀྱིས་བཀག་ཀྱང་མི་ཁེག་པའི། །ལྡོག་མེད་མྱུར་འགྲོ་དུས་ཀྱི་མཛའ་ན་མོས། །ཚེ་འདིའི་འཕེན་པའི་གྲོགས་ལ་མི་སེམས་པར། །སྐད་ཅིག་གོམ་ཁའི་འགྱུར་སྟབས་རེ་རེ་བཞིན། །ལྔ་པའི་ལམ་འཕྲང་མདུན་དུ་བསུ་བའི་ཚེ། །མན་ངག་རིན་ཆེན་གྲོགས་ཀྱི་ལམ་སྟོན་ལྟར། །གཡེལ་མེད་བརྩོན་འགྲུས་རིན་ཆེན་རྟ་མཆོག་ལ། །བརྟེན་ནས་ཉམས་ལེན་འཇུག་སྒོ་མ་གོལ་བར། །མི་བསླུ་གཏན་བདེའི་ཕྱོགས་སུ་བྲོས་ཤིག་ཅེས། །ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས། །བཀའ་དྲིན་གསུམ་ལྡན་བླ་མ་ཡན་ཆད་ཀྱིས། །རིམ་དགུ་ཐེག་པའི་ལམ་མཆོག་བསྟན་ལགས་ཀྱང༌། །ཨ་ཁ་ལས་ངན་ཆོས་གཟུགས་བདག་འདྲ་བར། །སྔོན་བསགས་དགེ་རྩའི་ལུས་ཟུངས་མ་རྫོགས་པས། །དྲན་པའི་སྲབ་ཐག་སྐྱོད་པའི་མཐུ་མེད་ཅིང༌། །བརྩོན་པའི་བཞོན་པར་རྒྱུགས་པའི་རྩལ་ཞན་སྐབས། །ཤེས་བཞིན་གྲོགས་སུ་སྦྲོན་པར་མ་ནུས་ཏེ། །བག་མེད་གཡེང་བའི་ལམ་དུ་གོལ་བར་བརྟེན། །མི་ཚེའི་ཕྱེད་ཀ་ཆོས་གྲལ་ཟད་ན་ཡང༌། །ཆོས་དོན་རྒྱུད་ལ་སྦྱོར་བའི་སྐབས་དབེན་པས། ཚེའདིར་ཆོས་ཀྱི་ཞིང་ས་འགྲིམས་བྱས་ཏེ། ང་ལུང་གདམས་པ་ཅུང་ཟད་མནོས་ལགས་ཀྱང༌། རིག་པའི་བཙན་ས་ཟིན་པའི་ཉམས་ལེན་དེ། འཛིན་གཟུང་ཞེན་པའི་ཀློང་ན་ཡལ་ཏེ་ཕྱིན། །མདོར་ན་འདིར་མཁོ་ཆོས་བརྒྱད་དཔལ་གྱིས་ཕོངས། །ཕྱི་མར་ཕན་པའི་ཉམས་ལེན་རྒྱུད་ན་དབེན། །འདི་ཕྱི་གཉིས་མེད་ལུང་མ་བསྟན་གྱི་ངང༌། །ལྷོ་ཕྱོགས་ལྡོམ་པོའི་མི་ཚེ་སྟོང་ལ་ཉེ། །འོན་ཀྱང་སྲོག་གི་རྒྱུ་བ་མ་ཆད་བར། །ཕྱི་མའི་ལམ་རྒྱག་བསྒྲུབ་པའི་དོན་ཆེན་དུ། །དབེན་པའི་གནས་སུ་ད་ལྟར་འགྲོ་སྙམ་པའི། །ངེས་འབྱུང་སྤུ་སུད་སྐབས་རེ་སྐྱེས་ན་ཡང༌། །སྔོན་ཆད་གོམས་པའི་ལས་ངན་ཤུགས་ཆེ་ཞིང༌། །ད་ལྟར་ལེ་ལོའི་བར་ཆད་འཚུབ་ཆེ་བས། །ཕྱི་མར་ཐར་བའི་ལམ་རྒྱག་བྱེད་ནུས་པའི། །རྣམ་དཀར་ལོངས་སྤྱོད་གསོག་པའི་གོ་སྐབས་དམན། །འདི་ལྟར་བདག་གི་ཡིད་སྐྱོའི་གནས་ཚུལ་རྣམས། །བརྗོད་ན་བརྗོད་མཐའ་མེད་དོ་ཆོས་ཀྱི་གྲོགས། །ད་ནི་མི་རྗོད་ཁྱེད་ཀྱང་དགེ་སྦྱོར་ལ། །འདི་འདྲའི་བར་ཆད་ཡོང་བས་གཟབ་པར་འཚལ།།
དེ་ཡང་གྲུབ་པའི་རྒྱལ་སར་དབང་འབྱོར་བའི། །མཁས་གྲུབ་རིག་འཛིན་གོང་མས་མགྲིན་གཅིག་ཏུ། །ཆོས་དོན་ལམ་དུ་ལྷོང་སྐབས་བར་ཆད་མང༌། །བར་ཆད་དབང་དུ་ཤོར་ན་ཆོས་སྐལ་ཕྲ། །གསུངས་ཕྱིར་གཡོ་མེད་དགེ་བའི་ཉམས་ལེན་ངང༌། །མི་འགྱུར་ལྷུན་པོའི་རང་གཤིས་འཛིན་པར་མཛོད། །ཚེ་ཡི་འཕེན་པ་ཡུན་རིང་གནས་གྱུར་ན། །འུ་གཉིས་འཕྲད་པའི་རེ་བ་མཆི་ལགས་ཀྱང༌། །སྐད་ཅིག་ཡུད་ཙམ་འགག་མེད་བཞུར་བ་ཡི། །གཏད་མེད་དུས་ཀྱི་འགྱུར་འགྲོས་ངེས་དཀའ་བས། །ཡུན་རིང་མ་མཇལ་བགྲང་བྱའི་ཁུག་སོ་ནས། །བག་ཆགས་དྲག་པོས་ཡང་ཡང་བསྐུལ་པའི་ངོར། །ལྡོག་མེད་བསམ་པའི་འཆར་སྣང་ཉུང་ངུ་ཞིག །དྲན་པའི་སྐྱེས་སུ་བཏེགས་པ་འདི་ཙམ་མོ།།

    སླད་མར་སྐུ་ཉིད་རྩ་གསུམ་ཐུགས་རྗེ་ཡི། །གྲིབ་བསིལ་འོག་ན་ཉེར་འཚེའི་ཚ་གདུང་གིས། །གཙེས་པའི་སྡུག་བསྔལ་ནམ་ཡང་མི་མྱོང་ཞིང༌། །དགེ་སྦྱོར་བསམ་པའི་དོན་ཀུན་འགྲུབ་པ་དང༌། །སྙིགས་དུས་འགྲོ་མགོན་པདྨའབྱུང་གནས་ཀྱི། །རིང་ལུགས་དྲི་མེད་བསྟན་པ་རྒྱ་མཚོ་ཡི། །ཡང་སྙིང་གཅིག་འདུས་ནང་རྒྱུད་སྡེ་གསུམ་པོའི། །རིན་ཆེན་མཛོད་ཀྱིས་ཐུགས་རྒྱུད་རབ་ཕྱུག་སྟེ། །མ་འོངས་རྒྱལ་བསྟན་ཉི་གཞོན་དབང་པོའི་དཔལ། །རང་ཡུལ་འགྲོ་བའི་བསོད་ནམས་ཤར་རིའི་རྩེར། །འདྲེན་པའི་སྐྱ་རེངས་མཆོག་ཏུ་ཁྱེད་གྱུར་ཏེ། །འགྲོ་རྒྱུད་མཆོག་གསུམ་སྣང་བས་སྐྱོང་བར་ཤོག།
ཅེས་པའང་སྤྱི་ལོ་ ༢༠༠༨ ཟླ་བ་ ༡༠ ཚེས་ ༢༥ ཉིན་ཚ་བོ་ཚེ་དབང་རིག་འཛིན་དུ་འབོད་པས་ལྷོ་ཕྱོགས་རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ནས་སྤྲིངས་པ་དགེའོ།། །།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...