Thursday, February 16, 2012

དུས་གསུམ་རྒྱལ་བ་ཀུན་ཀྱི་ཐུགས་རྟེན་དམ་པ་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་ཆེན་མོ་སྭ་ཡཾ་བྷཱུ་པུ་རིཿ་འམ་འཕགས་པ་ཤིང་ཀུན་གྱི་ལོ་རྒྱུས་མཐོང་བ་དོན་ལྡན།

༄༅། །ཆོས་དབྱིངས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ན་མོ་གུ་རུ། དུས་གསུམ་དུས་མེད་ཀ་དག་ཆོས་སྐུ་ཡི་ཀློང་ནས། །རང་བཞིན་འགག་མེད་ཁ་དོག་འོད་ལྔ་ཡི་རང་མདངས། །ཐུགས་རྗེ་རིས་མེད་ག་བུར་དབང་པོ་ཡི་དཔལ་བཞིན། །ཀུན་ཁྱབ་མཚུངས་མེད་ང་ཡི་བླ་མ་དེས་སྐྱོངས་ཤིག །
དེ་ཡང་བསྐལ་བཟང་གི་སངས་རྒྱས་དུ་མས་ཞབས་བཅགས་ཤིང་སྔོན་ནས་ད་ལྟའི་བར་རིག་འཛིན་གྱི་སར་གནས་པའི་གྲུབ་པའི་སྐྱེས་ཆེན་དམ་པ་དཔག་ཏུ་མེད་པ་བྱོན་པའི་བསྟི་གནས་ཏེ། དཔའ་བོ་དང་མཁའ་འགྲོ་ལ་སོགས་པའི་བྱིན་རླབས་ཀྱི་ན་བུན་འཁྲིགས་ཤིང༌། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཀུན་ཀྱི་འབྱུང་གནས་སུ་གྱུར་པས་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ས། མི་དང་མི་མ་ཡིན་ལ་སོགས་པ་འགྲོ་བ་ཀུན་ཀྱི་མཆོད་པའི་རྟེན་སྐལ་མཆོག་ཏུ་གྱུར་པའི་གནས་ཆེན།
རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ཀྱིས་མདོ་རྒྱུད་རྣམས་ལས་ལན་མང་བསྔགས་པར་མཛད་པའི་བལ་པོའི་ཡུལ་ག་ལ་བ་དེར། ས་གསུམ་སྐྱེ་འགྲོ་ཀུན་ཀྱི་མཆོད་པའི་བསྟི་གནས་ཆེན་པོར་ཡོངས་སུ་གྲགས་ཤིང༌། ད་ལྟའང་སྐྱེ་འགྲོ་སྤྱི་དང་བྱེ་བྲག་གི་མཆོད་གནས་དམ་པར་བཞུགས་བཞིན་པའི་བལ་ཡུལ་མཆོད་རྟེན་ཆེན་མོ་རྣམ་གསུམ་གྱི་ཡ་གྱལ་རང་བྱུང་མཆོད་རྟེན་ནམ་སྭ་ཡཾ་བྷཱུ་པུ་རིཿ་སྟེ། བོད་སྐད་དུ་བསྒྱུར་ན་རང་བྱུང་གྲོང་ཞེས་དང༌། གཞན་ཡང་སྭ་ཡཾ་བྷཱུ་ནཱ་ཐཿ་ཞེས་ཀྱང་བྱ་སྟེ། རང་བྱུང་མགོན་པོ་ཞེས་པའི་དོན་ཡིན་ཞིང༌། འགྲོ་བའི་མགོན་དུ་དུས་གསུམ་རྒྱལ་བའི་ཐུགས་རྟེན་དམ་པ་འདི་ཉིད་རང་བྱུང་དུ་འཁྲུངས་པས་ན་དེ་སྐད་དུ་གྲགས་པར་སེམས། དེང་སང་བོད་ཡོངས་གྲགས་ལ་འཕགས་པ་ཤིང་ཀུན་ཞེས་བརྗོད་པ་ལའང་འགྲེལ་ཚུལ་མི་འདྲ་བ་ཞིག་ཡོད་པ་ནི་དོན་ལྡན་ཞིག་མིན་པར་གནས་བཤད་ལས་གསལ་བ་ལྟར་ཡིན་ལ། ལོ་རྒྱུས་རྣམས་སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་ཕྱིས་སུ་མཁས་པ་རྣམས་ཀྱིས་མཛད་པའི་ཡིག་ཆ་ཁུངས་ལྡན་དག་ལས་ཤིན་ཏུ་རྒྱས་པར་སྣང་ཡང༌། དེང་སང་གི་དུས་འདིར་གཞན་གྱི་ངག་སྒྲོས་ལས་ཐོས་པ་ཙམ་བསྐྱར་ཟློས་བྱེད་པ་ལས་སྔོན་གྱི་ལོ་རྒྱུས་ཚད་ལྡན་དག་གི་ཡི་གེ་བཀླགས་ཏེ་དཔྱད་བསྡུར་བྱེད་མཁན་ནི་ཉིན་མོའི་སྐར་མ་དང་མཚུངས་ཤིང༌། བལ་པོའི་ཡུལ་འདི་ཉིད་ཀྱི་གནས་ཆེ་ཆུང་ཕལ་ཆེ་བར་ཕྱི་ནང་སོ་སོའི་ཆོས་ལུགས་དང་མཐུན་པར་ལོ་རྒྱུས་ཀྱི་འགྲེལ་སྟངས་ཐ་དད་དུ་སྣང་ཡང་དེ་དག་ཇི་བཞིན་ཤེས་པ་ནི་ཤིན་ཏུ་དཀོན། ཁྱད་པར་དེང་དུས་བལ་པོའི་རྒྱལ་ཁབ་འདི་ཉིད་ཧིནྡཱུའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཤིང༌། མི་རིགས་ཕལ་ཆེ་བ་ཧིནྡཱུའི་ཆོས་ལུགས་ལ་དགའ་ཞེན་ཆེ་བས་དེ་དག་གི་འགྲེལ་སྟངས་འདྲ་མིན་གྱི་དབང་དུ་སོང་སྟེ་ཕྱི་ནང་སོ་སོའི་གནས་ཀྱི་ཁྱད་པར་ཇི་ལྟར་ཡིན་པའང་འགལ་འཛོལ་དུ་སོང་བའི་རྐྱེན་གྱིས་མི་རེའི་ངག་ཐོག་ན་བཤད་པ་མི་འདྲ་བ་རེ་ཡོད་པར་བརྟེན་ལོ་རྒྱུས་མཁན་འགའ་ཞིག་གིས་ཀྱང་དཔྱད་ཞིབ་མ་གནང་བར་གཞན་གྱི་གཡམ་རྒྱུགས་སུ་དྲངས་ཚུལ་སྣང་ཞིང༌། གནས་བྱིན་ཅན་དེ་དག་གི་ལོ་རྒྱུས་དང་ཁྱད་ཆོས་ཚུལ་བཞིན་མི་ཤེས་པའི་དབང་གིས་གནས་སྐོར་བ་རྣམས་ཀྱང་ཡུལ་སྐོར་སྤྲོ་འཆམ་ལ་བསླེབས་པའི་ཚོར་སྣང་ཙམ་ལས། གནས་འདི་དག་ལ་དང་འདོད་ཡིད་ཆེས་ཀྱིས་དམིགས་སུ་བཀར་ནས་མཇལ་བར་སླེབ་མཁན་ནི་ཧ་ཅང་དཀོན་པའི་འདུ་ཤེས་ཤིག་འགོག་མེད་དུ་སྐྱེ་འོང༌།
སྤྱིར་གནས་རི་འདི་དག་གི་ལོ་རྒྱུས་དང་ཕན་ཡོན་རྣམས་སྟོན་པའི་མདོ་རྒྱུད་དང་རྗེས་འཇུག་མཁས་པ་རྣམས་ཀྱིས་མཛད་པའི་ཁུངས་བཙུན་གྱི་ལོ་རྒྱུས་ལྟར་ཚུལ་བཞིན་མཁྱེན་ན་ཕན་ཡོན་ཤིན་ཏུ་ཆེ་ཞིང༌། གང་ཟག་རང་རྒྱུད་ལ་ཐུན་མིན་གྱི་དད་པ་རེ་ཐོབ་པའི་རྐྱེན་གྱིས་གསོལ་འདེབས་སྨོན་ལམ་ཚུལ་བཞིན་བཏབ་ན་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཕུན་སུམ་ཚོགས་པ་འཐོབ་བྱེད་ཀྱི་རྒྱུར་འགྱུར་ཚུལ་ནི་བསླུ་མེད་དྲང་སྲོང་ཆེན་པོའི་གསུང་ལས་བྱུང་བ་ལྟར་ཡིན་ལ། དེར་བརྟེན་འདིར་ཡང་སྐལ་ལྡན་དད་པའི་གསོས་སུ་གནད་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཟུར་ཙམ་བཀོད་པ་ལས་རྒྱས་པར་མཁྱེན་འདོད་ན་རྒྱལ་བའི་བཀའ་མདོ་རྒྱུད་རྣམས་དང་བལ་ཡུལ་གྱི་གནས་བཤད། མཆོད་རྟེན་ཆེན་མོའི་ལོ་རྒྱུས་དག་ལ་གཟིགས་པར་ཞུའོ།།

བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་མོ།
༈ དང་པོ་གནས་ཆེན་འདིའི་ཡུལ་ལུང་གི་བཀོད་པ་རྣམས་ས་གནས་གང་དུ་ཇི་ལྟར་ཆགས་ཚུལ་གྱི་སྐོར་མདོ་ཙམ་བརྗོད་པ།
སྤྱིར་ལོ་རྒྱུས་ཁག་མི་འདྲ་བ་འགའ་ཞིག་ལས་བལ་པོའི་ཡུལ་འདི་ཉིད་ལི་ཡུལ་དུ་ངོས་བཟུང་ཞིང༌། གླང་རུ་ལུང་བསྟན་གྱི་མདོའི་དོན་ཡང་རང་བྱུང་མཆོད་རྟེན་ཆེན་མོ་བཞུགས་པའི་གཞི་དེར་ངོས་འཛིན་བྱས་ཏེ་རང་བྱུང་མཆོད་རྟེན་འདི་ཉིད་གོ་མ་ས་ལ་གནྡྷོ་ལར་བཀྲལ་ཀྱང་འཐད་ལྡན་ཞིག་མིན་པ་ནི་སྔོན བྱོན་གྱི་མཁས་དབང་མང་ཆེ་བས་དངོས་ཡོད་ཀྱི་རྒྱུ་མཚན་དང་བཅས་ར་སྤྲོད་གནང་བ་དེ་ཙམ་གྱིས་ཀྱང་བལ་པོའི་ཡུལ་འདི་ཉིད་ལི་ཡུལ་ཡིན་མིན་གྱི་དོགས་གནད་ཆོད་ནུས་ལ། དོན་དངོས་ཐོག་རི་བོ་གླང་རུ་དང་གོ་མ་ས་ལའི་མཆོད་རྟེན་ཡོད་པའི་ལི་ཡུལ་ནི་དེང་སང་བོད་མཚོ་སྔོན་ཞིང་ཆེན་གྱི་བྱང་རྒྱབ་དང་ཁུ་ནུའི་བྱང་ཕྱོགས་སུ་འཁེལ་ཞིང༌། ཨཕ་གྷན་དང༌། ཀྱརྒྱསྠན། ཏུར་མེ་ནིསྠན། རྒྱ་ནག་ཤིན་ཀི་ཡན། བཅས་ཀྱི་མཐའ་མཚམས་ན་ཆགས་པའི་ཡུལ་ཞིག་སྟེ། རྒྱ་སྐད་དུ་༼ཀཾ་ཤ་དེ་ཤ་༽དང་རྒྱ་ནག་གི་སྐད་དུ་ཤིན་ཅང་ཞེས་འབོད་ཅིང་ཡོངས་གྲགས་ལ་ཏ་ཇི་ཀིསྠན་སྟེ། ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་ལི་ཡུལ་ཞེས་གྲགས་པ་དེ་ཡིན་ལ། དུས་འཁོར་དུའང་ཕྱི་ནང་གི་ཡུལ་བདུན་དང་དྲུག་གི་དུས་སྦྱོར་སྐབས་ལི་ཡུལ་འདི་བོད་ཀྱི་བྱང་ཕྱོགས་སུ་གསུངས་ཤིང༌། ལི་ཡུལ་ལུང་བསྟན་གྱི་མདོར།
གཞན་ཡང་མ་འོངས་པའི་དུས་ན་ཡུལ་དགེ་བ་འདིའི་རྒྱལ་པོ་མཐུ་ཆུང་བར་འགྱུར་ཏེ། མཐུ་ཆུང་བ་དེས་ན་རང་གི་མཐུ་སྟོབས་ཀྱིས་ཡུལ་མི་ཐུབ་པས་རྒྱལ་པོ་དད་པ་ཅན་གཞན་འདི་ལྟ་སྟེ། བོད་ཀྱི་རྒྱལ་པོ་དང༌། རྒྱའི་རྒྱལ་པོ་ལ་སོགས་པ་ལ་སྐྱབས་བཙལ་ནས་ཡུལ་སྲུང་བར་བྱེད་དོ། །ཞེས་གསུངས་པ་བཞིན། སྔར་བོད་ཀྱི་མངའ་ཞབས་སུ་བསྡུས་པའི་ཡུལ་ཞིག་སྟེ། རྒྱལ་པོ་བཀའི་ཐང་ཡིག་ལས་ཀྱང༌། བོད་ཀྱི་དམག་དཔུང་ལི་ཡི་ཡུལ་དུ་ཕབ༔ ལི་ཡུལ་ལྕང་ར་སྨུག་པོ་བྲན་དུ་སྤྱད༔ ཅེས་གསུངས་ལ། སྔོན་སངས་རྒྱས་འོད་སྲུང་སྐུ་མྱ་ངན་ལས་འདས་རྗེས་སྐུ་གདུང་གི་མཆོད་རྟེན་དེར་བརྩིགས་པ་ལ་ཕྱིས་སུ་ཁ་ཅིག་གིས་དྲང་སྲོང་ལ་གནོད་པ་བྱས་ཏེ་དེ་དག་གིས་དམོད་བོར་བས་ཀླུ་ཁྲོས་པའི་རྐྱེན་གྱིས་ཡུལ་དེ་མཚོར་གྱུར་པར་གྲགས་ལ། ཕྱིས་སུ་བདག་ཅག་གི་སྟོན་པ་མཉམ་མེད་བུ་རམ་ཤིང་པས་དེར་གཤེགས་ཏེ་རི་བོ་གླང་རུའི་སྟེང་དུ་གདན་ཁྲི་བཤམས་པ་ལ་བཞུགས་ནས་ལི་ཡུལ་ལུང་བསྟན་གྱི་མདོ་དང་གླང་རུ་ལུང་བསྟན་གྱི་མདོ་རྣམས་གསུངས། སྐབས་དེར་སྟོན་པའི་བཀའ་ལྟར་འཕགས་པ་ཤཱ་རིའི་བུ་དང་རྣམ་སྲས་ཀྱིས་ཆུ་དྲལ་ཏེ་ཡུལ་ལྗོངས་ཀྱི་རྣམ་པ་བྱུང་བ་འཇམ་དབྱངས་ཀོང་སྤྲུལ་རིན་པོ་ཆེའི་གསུང་རབ་ཏུ་སྣང་ཞིང༌། སྟོན་པའི་བཀའ་ལས་ཀྱང་དེ་ལྟར་ངེས་མོད།
དཔའ་བོ་གཙུག་ལག་ཕྲེང་བས་རྣམ་སྲས་ཀྱི་གྲོགས་སུ་མཽདྒལ་གྱི་བུ་བཤད་པ་ནི་མི་འཐད་པར་སྣང་སྟེ། །དེ་ཡང་སྟོན་པའི་བཀའ་ལས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་གཉིས་སོང་ལ། མཚོ་ཆེན་པོ་འདི་ཤ་རིའི་གྲོལ་ཏེ་བྱང་ཕྱོགས་ལོགས་སུ་གྱི་ཤོ་གཙང་པོའི་ནང་དུ་ཕོས་ལ། ཆུ་ན་གནས་པའི་སེམས་ཅན་རྣམས་ལ་མི་གནོད་པར་བསྲུང་བ་དང་ཡུལ་འདིའི་མཚམས་མངོན་པར་གྱིས་ཤིག ཅེས་པ་ནས་ཤཱ་རིའི་བུ་དང༌། རྣམ་ཐོས་ཀྱི་བུས་དེ་བཞིན་འཚལ་ལོ་ཞེས་གསོལ་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལས་ཤ་རི་གང་ན་བ་དེའི་ལོགས་སུ་ཆས་སོ། །ཤཱ་རིའི་བུས་ནི་ལག་ན་འཁར་གསིལ་ཐོགས། རྣམ་ཐོས་ཀྱི་བུས་ནི་ལག་ན་མདུང་ཐོགས་ནས་ཤའི་རི་ཕྱེད་སྟམ་པས་བླངས་ཏེ་ནུབ་ཕྱོགས་ལོགས་སུ་བཞག་ནས་ཆུ་སྲོལ་ཆེན་པོ་གཏོད་དེ། མཚོ་སྲོག་ཆགས་དང་བཅས་པ་གྱི་ཤོ་གཙང་པོའི་ནང་དུ་ཕོ་སྟེ་ཚུལ་དེ་ལྟ་བུས་མཆོད་རྟེན་གོ་མ་སཱ་ལ་གནྡྷ་དང༌། རི་གླང་རུ་དང༌། ལི་ཡུལ་དེ་མངོན་པར་བྱས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལ་སུས་ཀྱང་བསྙོན་འདིང་མི་ནུས་པའི་ཕྱིར་རོ།།
ཡུལ་དེར་སྔར་སངས་རྒྱས་ཀྱི་ལུང་བསྟན་ལྟར་རྒྱལ་བསྟན་རིན་པོ་ཆེ་རྒྱ་ཆེར་དར་ནའང་དུས་ཀྱི་རྒུད་པ་དྲག་པོས་དེང་སང་དགོན་སྡེ་དང་མཆོད་རྟེན་སོགས་ཀྱི་གྱང་རོ་ཙམ་ལས་ལྷག་མེད་པར་གྲགས། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ལི་ཡུལ་གྱི་བཀོད་པ་རྣམས་ཕལ་ཆེར་བལ་ཡུལ་དུ་འཐད་པར་བཀྲལ་ཀྱང་སྐྱོན་མེད་པར་གསུངས་པ་ནི་བལ་པོ་འགའི་བཤད་སྲོལ་དབང་བཙན་དུ་བྱས་པ་ཙམ་ལས་མཁས་དབང་རང་ཉིད་ཀྱིས་ཀྱང་དུས་འཁོར་དུ་གསུངས་པ་ལྟར་དོན་ལ་ཞལ་གྱིས་བཞེས་པ་ནི་མངོན་གསལ་ཡིན་ཞིང༌། དགོངས་པ་ཅན་མ་གཏོགས་མཐའ་གཅིག་ཏུ་ལི་བལ་གཉིས་གཅིག་ཏུ་འདོད་ན་སྟོན་པའི་གསུང་དང་མི་མཐུན་པར་མ་ཟད་དོན་དངོས་ལའང་འགལ་ཟླར་འགྱུར་བས། དེར་བརྟེན་ད་ལྟའི་རང་བྱུང་མཆོད་རྟེན་གྱི་ཆགས་གཞི་རི་བོ་གླང་རུ་ཞེས་པའང་མིང་ཙམ་མཚུངས་པ་ལས་གླང་རུ་ལུང་བསྟན་གྱི་མདོ་ལས་བསྟན་པའི་རི་དང་འཁྲུལ་མི་རུང་བར་གནས་ཡིག་རྣ་བའི་བདུད་རྩི་ལས་གསུངས་པ་བཞིན་ཡིན་ལ། བྱུང་རྒྱལ་དུ་སྨྲ་བ་ལ་ནི་ཡིད་རྟོན་ཅི་ཡང་མེད་ཅིང་བརྟགས་ན་འཁྲུལ་དགོས་པ་གང་ཡང་མེད་དེ། མདོ་ལས་གླེང་གཞི་མི་འདྲ་བ་སོ་སོར་གསུངས་པའི་ཕྱིར་རོ། །འདིར་ཞར་བྱུང་དུ་གསལ་འདེབས་ཙམ་ལས་རྒྱས་པར་ནི་རྒྱལ་བའི་བཀའ་ཚད་མ་དང་གོང་གསལ་མཁས་དབང་འགའི་གསུང་རྩོམ་དག་ཏུ་གསལ་བས་འདིར་ཡོད་ཚད་འགོད་པའི་ངལ་བ་མ་སྤྲོས་པར་སྐབས་སུ་བབ་པའི་གནད་དོན་ཅུང་ཟད་ཙམ་གླེང་ན།
བལ་ཡུལ་གྱི་རི་གླང་རུ་ནི། རང་བྱུང་མཆོད་རྟེན་ཆེན་མོའི་ལོ་རྒྱུས་ལས། གླང་རུ་ཞེས་བྱའི་རི་བོ་ནི། །ནེཔཱལ་ཡི་ཡུལ་དུ་ཡོད། །དེ་ནི་དུས་ཀྱི་ཁྱད་པར་གྱིས། །མིང་གི་རབ་དབྱེ་ཐ་དད་དེ། །ཞེས་གསུངས་པ་ལྟར། བསྐལ་པ་རྫོགས་ལྡན་གྱི་དུས་སུ་པདྨའི་རི་དང༌། གསུམ་ལྡན་གྱི་དུས་སུ་རི་བོ་རྡོ་རྗེ་བརྩེགས་པ། གཉིས་ལྡན་གྱི་དུས་སུ་གླང་རུའི་རི། རྩོད་ལྡན་གྱི་དུས་སུ་རི་བོ་གླང་མཇུག་ཅེས་བརྗོད་པ་ལྟར། དུས་དབང་གིས་མིང་གི་རྣམ་གྲངས་ཐ་དད་དུ་འཇུག་ཅིང༌། དེ་བཞིན་དུ་མ་འོངས་པ་དང་ད་ལྟའི་དུས་བཞི་པོ་རྣམས་སུའང་མིང་གི་རྣམ་གྲངས་ཐ་དད་དུ་འགྱུར་བར་གསུངས་པ་བཞིན་དེང་སང་གི་དུས་སུ་དེར་གནས་ཀྱི་སྐྱེ་བོ་ཀུན་ཀྱིས་༼བཱིཧྨངྒུ་༽ ཞེས་བརྗོད་ཅིང༌། ཙམྤ་ཀ་དང་ནཱ་ག་གེ་ས་ར། བ་ཀུ་ལ། པིསྤ་ལ། ཀོ་བི་སཱ་ར་སོགས་ཆུ་སྐྱེས་སྣ་ཚོགས་བཀྲ་བས་རྐང་དྲུག་གི་བུང་བ་རྣམས་ཀྱང་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་དེ་དག་གི་ཡོན་ཏན་ལ་མངོན་པར་བསྟོད་པའི་ཚུལ་དུ་གླུ་དབྱངས་དར་དིར་སྒྲོག་པ། ཏ་ལ་དང་ཨ་ཤོ་ཀ་སྟེ་ཤིང་མྱ་ངན་མེད་ལ་སོགས་པ་རྐང་འཐུང་གི་བྱེ་བྲག་རྣམ་པ་མང་པོས་མངོན་པར་བརྒྱན་ཅིང་འདབ་ཆགས་ཀྱི་རིགས་མི་འདྲ་བ་དུ་མས་སྙན་པའི་སྒྲ་དབྱངས་འབྱིན་པ། ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བའི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པའི་འབབ་ཆུའི་རྒྱུན་བཟང་རྣམས་ལྷུང་ལྷུང་དུ་འབབ་པ་སོགས་རང་བྱུང་ཁོར་ཡུག་གི་ཡོན་ཏན་ཐམས་ཅད་མ་ཚང་བ་མེད་ཅིང་མཐོང་བ་ཙམ་གྱིས་སྐྱེ་བོ་རྣམས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་ས། རི་དྭགས་རྣམས་ཀྱང་བག་ཡངས་སུ་རྒྱུ་ཞིང༌། ལྷ་ཀླུ་གནོད་སྦྱིན་སོགས་དང༌། གྲུབ་པའི་སར་མཐོར་གཤེགས་པའི་རིག་འཛིན་གྱི་སྐྱེས་བུ་དཔའ་བོ་དང་མཁའ་འགྲོ་རྣམས་ཀྱི་ཚོགས་རྟེན་གཅིག་པུར་གྱུར་པའི་གནས་རི་ཁྱད་པར་ཅན་དེར། སྔོན་ཚེ་རང་བྱུང་རིན་པོ་ཆེ་ཤེལ་ལས་གྲུབ་པའི་མཆོད་རྟེན་གྱི་རྗེ་བོ་དམ་པ་ཁྲུ་གང་བ་ཞིག་བྱུང་བའི་ལོ་རྒྱུས་ནི་འདི་ལྟ་སྟེ།

གཉིས་པ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་དུས་སུ་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་འདི་ཉིད་ས་གསུམ་འགྲོ་བའི་དཔལ་དུ་ཇི་ལྟར་འཁྲུངས་ཚུལ།
འདས་པའི་བགྲང་བྱ་དུ་མའི་སྔོན་རོལ་ན་བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པས་རི་བོ་གླང་རུར་འོད་སྲུང་ཆེན་པོ་ལ་སོགས་པའི་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ལྔ་དང༌། བྱང་ཆུབ་སེམས་དཔའི་འཁོར་ཚོགས་བརྒྱ་ཕྲག་ལྔ། ལྷ་ཚངས་པ་དང༌། ཁྱབ་འཇུག དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷའི་འཁོར་དཔག་ཏུ་མེད་པའི་དབུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་བསྩལ་བ་ལྟར། སྔོན་ཚེ་སྐྱེ་རྒུ་རྣམས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བའི་སྐབས་འཇིག་རྟེན་གྱི་འདྲེན་པ་སངས་རྒྱས་རྣམ་གཟིགས་ཞེས་བྱ་བ་བྱོན་ཅིང༌། དེའི་ཚེ་བདག་ཅག་གི་སྟོན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་བདེན་པའི་ཆོས་ཞེས་བྱ་བར་སྐྱེ་བ་བཞེས་ཏེ་སངས་རྒྱས་འཁོར་དང་བཅས་པར་མཆོད་ཅིང་བཞུགས་སོ། །ནམ་ཞིག་སྟོན་པ་དེ་ཉིད་མྱ་ངན་ལས་འདས་པའི་དུས་ཤིན་ཏུ་རིང་པོ་ན་སྐྱེ་རྒུ་རྣམས་ཚེ་ལོ་སྟོང་ཕྲག་བདུན་ཅུར་འཚོ་བའི་སྐབས་འཇིག་རྟེན་འདིར་རྣམ་འདྲེན་ཆོས་ཀྱི་རྒྱལ་པོ་གཙུག་ཏོར་ཅན་བྱོན་ཏེ། དེའི་ཚེ་སླར་ཡང་བྱང་ཆུབ་སེམས་དཔའ་བཟོད་པའི་རྒྱལ་པོ་ཞེས་བྱ་བའི་སྐྱེ་བ་བཞེས་ཏེ་སངས་རྒྱས་གཙུག་ཏོར་ཅན་འཁོར་དང་བཅས་པ་ལ་མཆོད་ཅིང་མངོན་པར་བཀུར་ཏོ། །དེའི་ཚེ་བལ་པོའི་ཡུལ་འདི་ཉིད་ཆུར་རྒྱང་གྲགས་བདུན་དང༌། ཞེང་དུ་རྒྱང་གྲགས་བདུན་ལྡན་གྱི་མཚོ་ཆེན་པོ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་སྟེ་མེ་ཏོག་པདྨ་དང༌། ཨུཏྤལ། ཀུ་མུད། པདྨ་དཀར་པོ་ལ་སོགས་པ་ཆུ་སྐྱེས་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་ཅིང༌། ངང་ངུར་དང༌། ཀ་རཎྜ། ཁྲུང་ཁྲུང་སོགས་སྒྲ་སྙན་འབྱིན་པའི་ཆུ་བྱ་རྣམས་མཚོ་དེའི་སྟེང་དུ་ཅི་དགར་རྩེན་པ་དང༌། དྲི་བཟང་ལྡན་པའི་མེ་ཏོག་གི་ལྗོན་ཤིང་དང༌། འབྲས་བུའི་དཔལ་ཕུན་སུམ་ཚོགས་པའི་རྐང་འཐུང་གི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མངོན་པར་མཛེས་པ་དེར་ཀླུ་རྣམས་ཀྱིས་གནས་བཅའ་ཞིང་མིང་ཡང་ཀླུའི་གནས་ཞེས་ཡོངས་སུ་གྲགས་སོ།།
དེའི་ཚེ་ཤིང་རྟའི་འཕང་ལོའི་ཚད་ཅན་གྱི་མེ་ཏོག་པདྨ་རིན་པོ་ཆེ་ལྔ་ལས་གྲུབ་པ་འདབ་མ་སྟོང་དང་ལྡན་ཞིང་ནོར་བུའི་སྡོང་བུ་དང༌། རྡོ་རྗེ་ཕ་ལམ་གྱི་གེ་སར། པདྨརཱགཿའབར་བའི་ཟེའུ་འབྲུ་ལྡན་པ་ཞིག་བྱུང་སྟེ། ཟེའུ་འབྲུ་དེའི་སྟེང་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། གཙོ་བོ་དང་ཐུ་བོ་རྣམས་ཀྱིས་རབ་ཏུ་འདུད་ཅིང་མཆོད་པར་བྱ་བ། མོས་པར་བྱ་བ། བསམ་པ་ལས་ཀྱང་ལྷག་པའི་འབྲས་བུ་སྦྱིན་པར་བྱེད་པའི་རང་བྱུང་མཆོད་རྟེན་ཆེན་མོ་འདི་ཉིད་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་ས་གསུམ་གྱི་སྐྱེ་འགྲོ་ཀུན་ལ་ཕན་པ་དང་བདེ་བ་དང་ཐར་པའི་དཔལ་ཕུན་སུམ་ཚོགས་པ་སྦྱིན་པར་བྱེད་པའི་ཕྱིར་དུ་འཁྲུངས་སོ། །འཁྲུངས་མ་ཐག་ས་ཆེན་པོ་འདི་ཡང་རབ་ཏུ་གཡོས་ཤིང་མེ་ཏོག་གི་ཆར་བབ་པ་དང༌། བར་སྣང་གི་ཁམས་ནས་ལྷའི་རྔ་བོ་ཆེས་སྒྲ་བསྒྲགས་ཤིང་ཕྱོགས་མཚམས་ཀུན་ཏུ་འོད་དང་འོད་ཟེར་གྱིས་རབ་ཏུ་གསལ་བ་སོགས་བཀྲ་ཤིས་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པས་ཁྱབ་པར་གྱུར་ཏོ།།

༈ གསུམ་པ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱི་སྐབས་སུ་བལ་པོའི་ཡུལ་འདིར་མཚོ་ཆེན་བྲི་སྟེ་ཡུལ་ལུང་གི་རྣམ་པ་ཇི་ལྟར་ཆགས་པའི་ཚུལ།
དེ་ནས་བསྐལ་པ་བཟང་པོ་འདི་ཉིད་དུ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་མྱ་ངན་ལས་འདས་ནས་ཡུན་རིང་འདས་པའི་རྗེས་སུ་སྐྱེ་རྒུ་རྣམས་ཚེ་ལོ་སྟོང་ཕྲག་དྲུག་ཅུར་འཚོ་བའི་ཚེ་འཇིག་རྟེན་གྱི་འདྲེན་པ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཅེས་བྱ་བ་བྱོན་ཅིང༌། ཡུལ་འདིར་སངས་རྒྱས་དཔེ་མེད་ཅེས་བྱ་བའི་གྲོང་ཁྱེར་ཆེན་པོ་བྱུང་སྟེ། སྐབས་དེར་བདག་ཅག་གི་སྟོན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་རི་བོ་གྲགས་པའི་རྒྱལ་པོར་སྐྱེ་བ་བཞེས་ཏེ་སངས་རྒྱས་ཐམས་ཅད་སྐྱོབ་འཁོར་དང་བཅས་པ་ལ་མཆོད་ཅིང་མངོན་པར་བསྟོད་དེ་བཀུར་བར་བྱས་སོ།།
དུས་དེའི་ཚེ་བྱང་ཕྱོགས་རྒྱ་ནག་གི་ཡུལ་ན་འཇམ་དཔལ་གྱི་རི་བོ་རྩེ་མོ་ལྔ་པ་སྟེ་འཇམ་དཔལ་གཙུག་ཕུད་ལྔ་པའི་རི་བོ་ནས་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པ་སློབ་དཔོན་འཇམ་པའི་ལྷ་ཞེས་བྱ་བ། མངོན་ཤེས་ལྔ་དང་ལྡན་པ་ལ་སྐྲ་ཅན་མའི་སྤྲུལ་པའི་རང་བཞིན་མཆོག་སྦྱིན་མ་ཞེས་བྱ་བའི་སློབ་དཔོན་མ་དང༌། ཉེ་བའི་སྐྲ་ཅན་མའི་སྤྲུལ་པ་གཟུགས་ཐར་སྦྱིན་མ་ཞེས་བྱ་བའི་སློབ་དཔོན་མ་འཁོར་དང་བཅས་པ་ལྷན་ཅིག་ཏུ་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་ཆེན་མོ་འདི་ཉིད་ལ་བཀུར་སྟི་བྱ་བའི་ཆེད་དུ་འོངས་པ་ན། རང་བྱུང་མཆོད་རྟེན་ཆེན་མོའི་གནས་འདི་མཚོ་ཆེན་པོས་ཡོངས་སུ་གང་ཞིང་རྫུ་འཕྲུལ་ལ་དབང་བསྒྱུར་པའི་སྐྱེས་བུ་མཆོག་ཏུ་གྱུར་པ་འགའ་རེ་ལས་འགྲོ་བ་གཞན་རྣམས་མཆོད་མཇལ་གྱི་གོ་སྐབས་དང་བྲལ་བར་གཟིགས་ཏེ། དེའི་ཚེ་སློབ་དཔོན་གྱི་ཐུགས་ལ་བདག་གིས་མཚོ་འདི་རབ་ཏུ་སྐེམ་པར་བྱས་ཏེ་གྲོང་དང་གྲོང་བརྡལ། ལྗོངས་དང་ཡུལ་འཁོར། རྒྱལ་པོའི་ཕོ་བྲང་རྣམས་རབ་ཏུ་འབྱུང་བའི་གཞིར་བྱས་ནས་སེམས་ཅན་རྣམས་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་འདི་ལ་ཕྱག་འཚལ་བ་དང༌། མོས་པ་དང༌། མཆོད་པ་དང༌། བཀུར་སྟི་དང་བླ་མར་བྱར་རུང་བའི་སྐབས་དབྱེ་བར་བྱའོ་དགོངས་ནས་ཤིན་ཏུ་རྣོ་བའི་རལ་གྲིས་རི་བཤགས་ཏེ་ཆུ་རྣམས་ཕྱིར་འགྲོ་བར་བྱས་ཤིང༌། རི་དང་རྡོ་ལ་སོགས་པས་ཆུ་བཀག་པ་རྣམས་བཅད་དེ་ཆུ་རྒྱུན་ལམ་དུ་བྱས་པས་ཉིན་མཚན་བཞིས་མཚོ་ཆེན་པོའི་ཆུ་རྣམས་ལེགས་པར་བསྐམས་ཤིང་ཆུ་དང་མས་ཡོངས་སུ་གང་བའི་མཚོ་༼སནྡྷརཿ༽ཀུན་འཛིན་ཞེས་བྱ་བ་གཅིག་པུ་ལུས་པས། དེར་བལ་པོ་རྣམས་ཀྱིས་༼དྷ་ནཱ་དྷ་ཧ་༽ཞེས་བརྗོད་ཅིང༌། དེང་སང་བོད་རྣམས་ལ་མཚོ་རལ་གྲི་ཞེས་གྲགས། མཚོ་འདིར་མཚོ་ཆེན་པོ་༼ཨཱ་དྷཱ་རའི་༽བདག་པོ་ཀརྐོ་ཊ་ཞེས་བྱ་བའི་ཀླུ་རྒྱལ་ཞིག་གནས་སོ། །དེ་ལྟར་མཚོ་རྣམས་ཡོངས་སུ་བསྐམས་པ་ན་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་གནས་པའི་པདྨ་ཆེན་པོ་དེ་ཡང་རྡོ་རྗེ་སློབ་དཔོན་འཇམ་པའི་ལྷའི་མཐུ་ལས་རིའི་ངོ་བོར་གྱུར་ཏེ་གནས་པར་བརྟེན་རང་བྱུང་མཆོད་རྟེན་བཞུགས་པའི་རི་བོ་འདིའི་མིང་ལ་རྡོ་རྗེ་བརྩེགས་པའི་རི་བོ་ཞེས་གྲགས་སོ།།
དེའི་ཕྱོགས་ཀྱི་ས་གཞི་ཉི་ཚེ་བ་སྟེ་ཕྱོགས་རེ་བ་རྣམས་ཀྱང་ཆུ་མེད་པ་ཉིད་ཀྱིས་ཉེ་བའི་ཚནྡྷོ་ཧར་གྱུར་ནས་རི་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ཅིང༌། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྣམ་པ་ཤིན་ཏུ་རྒྱལ་བར་དཀའ་བའི་ས་གཞིའི་རང་བཞིན་དང་ཤེས་རབ་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ལྷ་མོ་བྱ་གདོང་མ་ཡང་འདི་ཉིད་དུ་གཙོ་བོར་བྱུང་ནས་འཇིག་རྟེན་གསུམ་དུ་ཁྱབ་ཅིང་སྐྱེ་གནས་ཀྱི་རྣམ་པས་རབ་ཏུ་བྱུང་ངོ༌། །མཆོད་རྟེན་འདི་ཉིད་ལ་གང་གིས་ནམ་ཞིག་མགོ་ཟླ་བ་སྟེ་ཧོར་ཟླ་བཅུ་གཅིག་པའི་ནག་ཕྱོགས་ཚེས་དགུའི་ཉིན་དྲི་བཟང་པོས་ཁྲུས་བྱས་ཏེ་ཟས་བཅད་ཅིང་བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པ་བླངས་ནས་ཚུལ་བཞིན་བསྲུངས་ཏེ་མཚན་མོའི་དུས་སུ་སོང་ནས་དམ་པའི་ཆོས་ཀློག་འདོན་བྱེད་པ་དང་མཆོད་པའི་ཡོ་བྱད་སྣ་ཚོགས་པས་མཆོད་པ་དང༌། རང་གིས་ཇི་ལྟར་ནུས་པ་བཞིན་སྦྱིན་པ་བྱས་ནས་ནམ་ལངས་པ་ན་སླར་ཡང་དྲི་ཞིམ་པོ་དང་ལྡན་པའི་ཆུས་བཀྲུས་ཏེ་དྲི་མ་མེད་པའི་གོས་གྱོན་ཅིང་རྡོ་རྗེའི་ཆུ་སྙིམ་པ་གསུམ་འཐུང་བར་བྱས་ན་ཉེས་པ་ལས་རྣམ་པར་གྲོལ་བར་གྱུར་ཏེ་ཤིན་ཏུ་རྙེད་དཀའ་བའི་སྐད་ཅིག་མ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་གསུངས་ཏེ། རྡོ་རྗེ་སློབ་དཔོན་འཇམ་པའི་ལྷ་དེ་ཡང་ཕྱོགས་དེར་ཡུན་རིང་བཞུགས་པར་བརྟེན་གནས་དེར་ད་ལྟའང་མཉྫུ་ཤྲཱི་པརྺ་ཏཿ་སྟེ་བོད་སྐད་དུ་འཇམ་དཔལ་གྱི་རི་བོ་ཞེས་གྲགས་སོ།།

༈ བཞི་པ་བསྐལ་བཟང་འདིའི་རྣམ་འདྲེན་དང་པོ་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་དུས་སུ་གྲོང་དང་གྲོང་བརྡལ་ལ་སོགས་པའི་རྣམ་པ་ཇི་ལྟར་ཆགས་ཚུལ།
དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་དེ་ཉིད་སྐུ་མྱ་ངན་ལས་འདས་ཏེ་དུས་ཡུན་ཤིན་ཏུ་རིང་བ་ཞིག་ན་ལྷོ་འཛམ་བུ་གླིང་གི་མི་རྣམས་ཚེ་ལོ་སྟོང་ཕྲག་བཞི་བཅུ་འཚོ་བའི་སྐབས་འཇིག་རྟེན་འདིའི་འདྲེན་མཆོག་སྟོན་པ་འཁོར་བ་འཇིག་ཅེས་བྱ་བ་བྱོན་ཏེ་གྲོང་ཁྱེར་ཆེན་པོ་བྱུང་ཞིང༌། དེའི་ཚེ་བདག་ཅག་གི་སྟོན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་འོད་སྐྱོང་ཞེས་བྱ་བར་སྐྱེ་བ་བཞེས་ཏེ་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཁོར་དང་བཅས་པ་ལ་མཆོད་ཅིང་བཀུར་བར་བྱས་སོ།།
དུས་རེ་ཞིག་ན་སྟོན་པ་འཁོར་བ་འཇིག་དེ་ཉིད་རང་བྱུང་མཆོད་རྟེན་དང་ཤིན་ཏུ་ཉེ་བའི་ཚནྡྷོ་ཧ་༼ཤངྑ་པརྺ་ཏཿ༽སྟེ་དུང་གི་རི་ཞེས་བྱ་བའི་རྩེ་མོར་དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་འཁོར་ཚོགས་རྣམས་ཀྱིས་གཙོས་ལྷ་དང་མི་དང་མི་མ་ཡིན་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་དཔག་ཏུ་མེད་པ་རྣམས་ལ་སྡུག་བསྔལ་གྱི་རྒྱ་མཚོ་ཡོངས་སུ་སྐེམ་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་པར་མཛད་ཅིང༌། དེའི་ཚེ་སྟོན་པ་ཉིད་ཀྱིས་འཁོར་ཚོགས་རྣམས་ལ། ཚནྡྷོ་ཧ་འདིས་འདོད་པ་ཐམས་ཅད་སྟེར་བར་བྱེད་ཅིང་བླ་ན་མེད་པའི་དངོས་གྲུབ་འཐོབ་པར་བྱེད་པའི་གནས་ཡིན་པས་དགེ་སློང་གི་དངོས་པོར་གྱུར་པའི་སྐད་ཅིག་དེ་ཉིད་དུ་ཡེ་ཤེས་ཀྱི་མཚོན་གྱིས་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་རྣམས་ངེས་པར་བཅོམ་ནས་དེ་བཞིན་གཤེགས་པ་དང་མཚུངས་པར་འགྲོ་བའི་དགོས་པ་ཁྱད་པར་ཅན་ལྡན་པར་བརྟེན། སུ་དག་དད་པས་རབ་ཏུ་བྱུང་བར་འདོད་པ་རྣམས་ཚནྡྷོ་ཧ་འདི་ཉིད་དུ་རབ་ཏུ་འབྱུང་བར་བྱའོ་ཞེས་བཀའ་བསྩལ་བ་ན། དེར་འདུས་པའི་ཡོན་ཏན་རྒྱལ་མཚན་ལ་སོགས་པའི་བྲམ་ཟེ་བརྒྱ་ཕྲག་བཞི་དང་འཇིགས་མེད་བྱིན་ལ་སོགས་པའི་རྒྱལ་རིགས་བརྒྱ་ཕྲག་གསུམ་གྱི་ཚོགས་རྣམས་སྔོན་གྱི་ལས་རྣམ་པར་སྨིན་པའི་དྲི་མ་དང་བྲལ་ཏེ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་ཅིང་རྒྱལ་བ་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་བཀའི་གནང་བ་ཐོབ་པ་ལྟར་ཤིན་ཏུ་དགའ་མགུ་ཡི་རངས་དང་བཅས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་འཆང་སྟེ་རབ་ཏུ་བྱུང་བས། དེ་མ་ཐག་ཏུ་རྒྱལ་བ་དེ་ཉིད་ཀྱིས་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྟན་པར་མཛད་དེ་རབ་ཏུ་བྱུང་བ་ཐོབ་ཅིང་མཆོག་ཏུ་དད་པས་ཐོས་ནས་སྐད་ཅིིག་དེ་ཉིད་ལ་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ།།
དུས་དེའི་ཚེ་རི་དེའི་རྩེ་མོར་དཔལ་རྡོ་རྗེ་སེམས་དཔའི་ཕྱག་གཡས་ཀྱི་སོར་མོ་རྣམས་ལས་བསོད་ནམས་ཀྱི་ཆུའི་གནས་ཅན་མཆོག་ཏུ་ཞི་བའི་འབྲས་བུ་སྦྱིན་པར་བྱེད་པ་སྟེ། དེང་སང་ཡང་༼ཝཱཀྨ་ཏིཿ༽གསུང་ལྡན་ཞེས་ཡོངས་སུ་གྲགས་པ་འདི་ཉིད་སངས་རྒྱས་འཁོར་བ་འཇིག་གིས་ཆོས་བསྟན་པའི་ཁྱད་པར་ལས་བྱུང་བ་ལགས་སོ།།
དུང་གི་རི་བོའི་རྩེ་མོ་དེར་ཕྱག་སོར་བཅུ་ལས་ཡང་དག་པར་བྱུང་བའི་བསོད་ནམས་ཀྱི་ཆུ་བོ་དྲི་མ་མེད་པའི་གནས་དང་ལྡན་ཞིང་འདོད་པའི་འབྲས་བུ་རབ་ཏུ་སྟེར་བའི་གནས་དང་ལྡན་པ་ལ། སྡེ་གཉིས་པོ་དེ་རྣམས་གང་དུ་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་པ་དེ་དག་ཆ་གཉིས་སུ་བྱས་ཏེ་ཆ་གཅིག་ཆུར་བཅུག་པས་ད་ལྟའང་༼ཀེ་ཤཱ་པ་ཏཱི་༽ཞེས་པ་སྟེ་སྐྲ་ཅན་མར་གྲགས་སོ། །ཆ་གཉིས་པ་ནི་ཕྱོགས་དེའི་ས་གནས་ཉི་ཚེ་བ་གང་དུ་རྫུ་འཕྲུལ་གྱིས་བསྟན་པའི་སླད་དུ་བཞག་པ་རྣམས་ཕྱོགས་དེ་ཉིད་དུ་སྐྲ་དང་ཁ་སྤུའི་གྲངས་ལྡན་གྱི་མཆོད་རྟེན་དམ་པ་བྱུང་བར་བརྟེན་རི་དེའི་ཕྱོགས་གཅིག་ཏུ་ད་ལྟའང་མཆོད་རྟེན་དུ་མ་ཡོད་པ་ནི་རབ་ཏུ་བྱུང་བ་དེ་རྣམས་ཀྱི་བསོད་ནམས་ཀྱི་མཐུ་ལས་ཡིན་པར་གསུངས་སོ།།
སྐབས་དེར་རི་བོའི་ནགས་ཚལ་དེ་ཉིད་དུ་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པའི་ཆེད་དུ་སྐལ་ལྡན་འོད་གསལ་བའི་རང་བཞིན་ཅན་བརྒྱད་བྱུང་བར་གྲགས་ཏེ། གཅིག་ནི་དུང་གི་རི་བོ་དེ་དང་ཉེ་བ་སྟེ། སྔོན་བྱང་ཆུབ་སེམས་དཔའ་ནོར་བུའི་གཙུག་ཏིང་ངེ་འཛིན་ལ་བཞུགས་ཤིང་དུས་ནམ་ཞིག་ན་རང་གི་གཙུག་ཏུ་ཡོད་པའི་ནོར་བུ་ཕྲལ་ཏེ་གཞན་ལ་སྦྱིན་པ་བྱིན་པའི་ས་གནས་༼མ་ཎི་ཀཱུ་ཌ་༽སྟེ་ནོར་བུ་བརྩེགས་པའི་རིར་གྲགས་པ་ན་རབ་ཏུ་བྱུང་ངོ༌། །གནས་དེར་ད་ལྟའང་༼མ་ཎི་ལིངྒ་༽ནོར་བུས་མཚན་པ་ཞེས་གྲགས་ཤིང༌། ཤ་ངྑ་པརྺ་ཏཿའི་རྩེ་ནས་བབས་པའི་ཆུ་བོ་འདི་ཡང་ནོར་བུའི་གཙུག་གི་ཁྲག་ལྷུང་བ་ཆུར་འདྲེས་པས་༼མ་ཎི་ལོ་ཧི་ནཱི་༽སྟེ། ནོར་བུ་དམར་ལྡན་དུ་གྲགས་སོ།།
དེ་བཞིན་དུ་གཞན་རྣམས་ཀྱང་རིམ་བཞིན་གོ་ཀརྞཥྞི་ཐང་དང༌། ཙ་ཏུ་གི་རི། ཀུམྦྷ་ཏཱིརྠཱ། ཕ་ཎའི་རི། གཏྟཀ གནྡྷ་པཱ་ཏིཿ བི་ཀ་མ། བཅས་སུ་རབ་ཏུ་བྱུང་བས། གནས་དེར་འདོད་ཆགས་དང་བྲལ་བ་དེ་རྣམས་ཀྱི་མཐུ་ལས་གྲོང་དང་གྲོང་བརྡལ། ལྗོངས་དང་ཡུལ་འཁོར། རྒྱལ་པོའི་ཁབ་རྣམས་བྱུང་ཞིང་དེ་སྐྱོང་བར་བྱེད་པའང་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོའི་རིགས་སྲས་དཔལ་ལྡན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བའི་རྒྱལ་པོ་བྱུང་སྟེ། ལྷ་ཀླུ་མི་མ་ཡིན་དང་རིག་འཛིན་གྱི་སར་གནས་པའི་ཚོགས་རྣམས་ཤིན་ཏུ་ཁྱད་པར་འཕགས་པའི་གནས་འདིར་ལྷགས་ཏེ་བརྟེན་ཅིང་གནས་པས་ས་ཕྱོགས་འདི་ཉིད་ཀྱི་ཕྱོགས་སུ་འབྱོར་བ་རྣམས་རབ་ཏུ་རྒྱས་ཤིང་ལོ་ལེགས་དང་བཀྲ་ཤིས་པའི་ངང་སྐྱེ་རྒུའི་བདེ་སྐྱིད་ཀྱི་དཔལ་ལྷ་དང་མཉམ་པ་བྱུང་ངོ༌།།
ཡང་ཉེ་འཁོར་དུ་ཆུ་བོས་ཕྱེ་བའི་གནས་ཆེན་པོ་བཅུ་གཉིས་སུ་གྲགས་པ་ཡང་འདི་ལྟ་སྟེ། བསོད་ནམས་ཀྱི་གནས། ཞི་བའི་གནས། བདེ་བྱེད་ཀྱི་གནས། རྒྱལ་པོའི་གནས། རེ་བའི་གནས། དྲི་མ་མེད་པའི་གནས། གཏེར་གྱི་གནས། ཡེ་ཤེས་ཀྱི་གནས། ཡིད་བཞིན་ནོར་བུའི་གནས། བག་མེད་པའི་གནས། ལེགས་སྐྱོང་གི་གནས། རྒྱལ་བའི་གནས་རྣམས་སུ་ཀླུའི་རྒྱལ་པོ་འཇོག་པོ་མདོག་དམར་པོ་དང༌། ཀླུ་ཟླ་བའི་གཙུག་ཕུད་ཅན་དཀར་པོ། ཀླུ་དུང་སྐྱོང་དཀར་ཤམ། ཀླུ་གཟུགས་མཛེས་དཀར་པོ། ཀླུ་རིགས་ལྡན་ཁ་དོག་སྣ་ཚོགས་པ། ཀླུ་ཨཱ་པ་ཏཱ་ལ་སེར་པོ། ཀླུ་དགའ་བོ་དང་ཉེར་དགའ་ལྗང་གུ། ཀླུ་ཝཱ་སུ་ཀི་དཀར་པོ། ཀླུ་ཝ་རུ་ཎ་དཀར་པོ། ཀླུ་པདྨ་དཀར་པོ། ཀླུ་པདྨ་ཆེན་པོ་དཀར་པོ་བཅས་གནས་ ཤིང༌། གནས་དེ་དག་ལ་སུས་མངོན་པར་མོས་པས་མཆོད་ཅིང་བསྟི་སྟངས་དུ་བྱེད་པ་དང༌། ཞག་ཉེར་གཅིག་བར་ཆོ་ག་ལ་བསྟེན་ནས་ཁྲུས་བྱེད་པ་དང༌། གསོ་སྦྱོང་དང་བསྙེན་གནས་ཀྱི་སྡོམ་པ་སོགས་བླངས་ནས་ངེས་པར་མཆོད་པ་རྣམས་ལ་རིམ་བཞིན་དགེ་བཅུའི་འབྲས་བུ་དང༌། ནད་ལ་སོགས་པའི་ཉེས་ཚོགས་འཇོམས་པ། ཡོན་ཏན་དང་སྙན་པའི་གྲགས་པ་འབྱུང་བ། རྒྱལ་པོའི་སྲིད་ལ་བར་ཆད་དང་ནད་མེད་པ། འདོད་པའི་འབྲས་བུ་མ་ལུས་པ་སྟེར་བ། རྩོད་པའི་དྲི་མ་དང་བགེགས་འཕྲོག་པ་སྟེ་ཞི་བར་བྱེད་པ། ནོར་འབྲུ་དང་རིན་པོ་ཆེ་ཐམས་ཅད་སྟེར་བ། ལོངས་སྤྱོད་དང་ཐར་པའི་བདེ་སྐྱིད་ཐམས་ཅད་སྦྱིན་པར་བྱེད་པ། ཚེ་རིང་ཞིང་རིགས་རྒྱུད་བཟང་བ་སོགས་དང༌། དགའ་བའི་གྲོགས་དབང་དུ་བྱེད་པ། ཁྲུས་བྱས་པས་གཟུགས་མཛེས་ཤིང་ཡིད་དུ་འོང་བ། དགྲའི་འཇིགས་པ་ཐམས་ཅད་ཞི་བར་བྱེད་པ་སོགས་མདོར་ན་གང་ལ་གང་འདོད་ལྟར་གནས་སྐབས་དང་མཐར་ཐུག་གི་འབྲས་བུའི་དཔལ་ཕུན་སུམ་ཚོགས་པ་སྦྱིན་པར་བྱེད་པ་ནི་གནས་ཆེན་པོ་འདི་རྣམས་ཀྱི་མཐུ་ཡིན་པར་སྟོན་པ་ཉིད་ཀྱི་ཞལ་ནས་གསུངས་ཤིང༌།
གཞན་ཡང་ཆུ་བོ་གསུང་ལྡན་མ་༼ཝཱཀྨ་མ་ཏིཿ༽ ལས་འབྲས་བུ་ཁྱད་པར་དུ་སྦྱིན་པ་གོ་ཀརྞའི་གཡས་ཏེ་པུནྡྷ་དང༌། དེའི་སྟེང་དྲང་སྲོང་རི་བྱའི་གནས་༼ས་ནནྟ་ཧ་༽སྟེ་མཐའ་ཡས་པའི་མཚོ་ཀླུ་དུ་མའི་གནས་གཞིར་གྱུར་པ། དེ་ཉིད་དུ་འཕགས་མ་སྒྲོལ་མའི་གནས་ཨཱརྻ་ཏཱ་རཱ་ཏིརྠ། དེའི་སྟེང་ཝཱཀྨ་ཏིའི་ཆུ་མིག་བཅས་ཏེ། སྐྱེས་པའམ་བུད་མེད་སུས་ཁྲུས་བྱས་ཀྱང་ཕུན་སུམ་ཚོགས་པའི་བདེ་བ་ལ་ལོངས་སྤྱོད་ནས་མཐར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་གྲོལ་ཅིང་ཞི་བ་དམ་པའི་གོ་འཕང་མངོན་དུ་བྱེད་པར་གྱུར་པ་དང༌། ཤངྑ་པརྺ་ཏཿ་སྟེ་དུང་གི་རི་བོ་མཆོག་འདི་ཉིད་ཀྱི་རྩེར་འཛེག་པ་ཙམ་གྱིས་སྡིག་པ་ལས་རྣམ་པར་གྲོལ་ཏེ་རིག་འཛིན་གྲུབ་པའི་གོ་འཕང་དུ་བགྲོད་པ་དང༌། དེ་དང་ཉེ་བའི་གནས་དུ་མ་ལའང་དགེ་ལེགས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་སྦྱིན་པའི་དཔལ་དང་ལྡན་པར་སྟོན་པ་ཉིད་ཀྱི་ཞལ་ནས་ཡང་ཡང་བསྔགས་པ་ལྟར་འདིར་ཡིག་ཚོགས་མང་བས་མདོ་ཙམ་ལས་རྒྱས་པར་སྟོན་པའི་བཀའ་དང་ལོ་རྒྱུས་དག་ལ་གཟིགས་པར་འཚལ་ལོ།།

ལྔ་པ་བསྐལ་བཟང་འདིའི་རྣམ་འདྲེན་གཉིས་པ་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་སྐབས་སུ་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་འདི་ལ་ཆོས་དབྱིངས་གསུང་གི་དབང་ཕྱུག་ཅེས་པའི་མཚན་ཇི་ལྟར་ཐོགས་ཚུལ།
དེ་ནས་བསྐལ་པ་བཟང་པོ་འདིར་སྟོན་པ་འཁོར་བ་འཇིག་ཡོངས་སུ་མྱ་ངན་ལས་འདས་ནས་དུས་ཡུན་རིང་པོ་ཞིག་གི་རྗེས་སུ་འཛམ་བུ་གླིང་གི་སྐྱེ་རྒུ་རྣམས་ཀྱི་ཚེ་ཚད་ལོ་སྟོང་ཕྲག་སུམ་ཅུར་འཚོ་བ་ན། འཇིག་རྟེན་འདིའི་འདྲེན་མཆོག་རྣམ་འདྲེན་གཉིས་པ་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་བྱོན་ཏེ། སྐབས་དེར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་བྱང་ཆུབ་སེམས་དཔའ་ཆོས་ལེགས་རྒྱལ་པོ་ཞེས་བྱ་བའི་སྐྱེ་བ་བཞེས་ནས་སྔར་བཞིན་དེ་བཞིན་གཤེགས་པ་འཁོར་བཅས་ལ་མཆོད་དོ། །དེའི་ཚེ་བིཀྲམཿཤི་ལའི་གཙུག་ལག་ཁང་ཆེན་པོར་དགེ་སློང་ཆོས་དཔལ་བཤེས་གཉེན་ཞེས་བྱ་བའི་མཁས་པ་ཆེན་པོ་ཞིག་བྱུང་ཞིང༌། དེས་མཚན་ཡང་དག་པར་བརྗོད་པའི་རྣམ་བཤད་ཡི་གེ་བཅུ་གཉིས་ཀྱི་དོན་བཤད་པར་མ་ནུས་པའི་སྐབས། བྱང་ཕྱོགས་རྒྱ་ནག་རི་བོ་རྩེ་ལྔ་ན་རྗེ་བཙུན་འཇམ་དཔལ་བཞུགས་པར་རྗེས་སུ་ཐོས་ནས་དེའི་དྲུང་དུ་ཞུ་བར་བྱའོ་དགོངས་ནས་ཡུལ་དེར་ཕྱིན་པ་ན། རྗེ་བཙུན་འཇམ་དཔལ་གྱི་སྤྲུལ་པ་རྡོ་རྗེ་སློབ་དཔོན་འཇམ་པའི་ལྷ་དེས་ཆོས་དཔལ་བཤེས་གཉེན་འོང་བར་མཁྱེན་ནས་རྫུ་འཕྲུལ་བསྟན་པའི་སླད་དུ་སེངྒེ་དང་སྟག་གཉིས་ཀྱི་གཤོལ་ལ་ཞོན་ནས་ལམ་བར་དུ་འཁོད་པ་ཆོས་དཔལ་བཤེས་གཉེན་གྱིས་རྒྱང་རིང་ནས་གཟིགས་ཏེ་དེའི་ཉེ་བར་སོང་བས། དེར་སློབ་དཔོན་འཇམ་པའི་ལྷའི་བཀའ་ལྟར་ཕྱོགས་དེའི་གཙུག་ལག་ཁང་དུ་ངལ་གསོས་ཏེ་གདོད་བྱང་ཕྱོགས་སུ་འགྲོ་བའི་ཁས་བླངས་མཛད། སྐབས་དེར་སློབ་དཔོན་འཇམ་པའི་ལྷས་རབ་ཏུ་ཞི་བའི་སྔགས་ཀྱི་རྣམ་པ་མི་ཤེས་པར་མདུན་གྱི་སེངྒེ་དང་སྟག་གི་རྫུ་འཕྲུལ་བརྟུལ་ནས་ཐོང་གཤོལ་དེ་སྐྱེ་བོ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་དུ་བཞག་པས་ཕྱོགས་དེར་ད་ལྟའང་༼མཉྫུ་ཤྲཱི་བྷ་ཝ་ནཾ་༽སྟེ་འཇམ་དཔལ་གནས་ཞེས་དང༌། སློབ་དཔོན་ཉིད་ཀྱི་གང་དུ་གཤོལ་ཞོན་པའི་ས་གནས་དེར་སཱ་བ་ལ་ཞེས་གྲགས་སོ།།
དེ་ནས་སློབ་དཔོན་དང་ལྷན་དུ་༼མཉྫུ་ཤྲཱི་པརྺ་ཏཿ༽འཇམ་དཔལ་གྱི་རི་བོར་ཕེབས་ཏེ་ཆུ་ཚོད་བདུན་གྱི་རིང་འབྲས་བུ་དང་ཁ་ཟས་ཕུན་སུམ་ཚོགས་པར་རོལ་ཏེ་ཕན་ཚུན་བཀའ་མོལ་ཡུན་རིང་གནང་ཞིང༌། ནམ་ཞིག་ཉལ་བའི་དུས་ལ་བབས་པ་ན་སློབ་དཔོན་འཇམ་པའི་ལྷས་ཆོས་དཔལ་བཤེས་གཉེན་དེ་ཁྱིམ་གྱི་ཕྱོགས་གཅིག་ཏུ་བཞག་ནས་ཕེབས་སོ། །འོན་ཀྱང་ཆོས་དཔལ་བཤེས་གཉེན་གྱི་བསམ་པར་བདག་ཉིད་ཆེན་པོ་རྫུ་འཕྲུལ་ཅན་འདི་སུ་དང་གཏམ་དུ་མཛད་པར་བལྟའོ་དགོངས་ནས་གཉིད་དུ་མ་སོང་བར་སྒོའི་དྲུང་དུ་བཞུགས་པས། དེར་འཇམ་དཔལ་ལྷ་མོ་སྐྲ་ཅན་མས་སློབ་དཔོན་ལ། བཅོམ་ལྡན་འདས། གཙུག་ལག་ཁང་གི་དགེ་སློང་འདི་སུ་ཞིག གནད་དོན་ཅིའི་ཕྱིར་འདིར་འོང་བ་ལགས། ཞེས་དྲིས་པའི་ལན་དུ་སློབ་དཔོན་གྱིས་ཆོས་དཔལ་བཤེས་གཉེན་མཚན་ཡང་དག་པར་བརྗོད་པའི་རྣམ་བཤད་ཡི་གེ་བཅུ་གཉིས་ཀྱི་དོན་འཚོལ་སླད་རི་བོ་རྩེ་ལྔར་འགྲོ་བའི་གནས་ཚུལ་རྣམས་ཞིབ་ཏུ་བཤད་པ་ལ། སྐྲ་ཅན་མས་སླར་ཡང་ཡི་གེ་བཅུ་གཉིས་ཇི་ལྟར་འགྱུར་ཚུལ་གྱི་སྐོར་རྣམས་དྲིས་པས། སློབ་དཔོན་གྱིས་དོན་འདི་ངས་ཁྱོད་ལ་གཅེས་པས་གསལ་བར་བསྟན་ཀྱང་གཞན་ལ་ཤིན་ཏུ་གསང་བར་བྱའོ་གསུངས་པས། སྐབས་དེར་ཆོས་དཔལ་བཤེས་གཉེན་གྱིས་གསང་ཚིག་དེ་ཐོས་ནས་ཤིན་ཏུ་དགའ་ནས་སློབ་དཔོན་ཉིད་འཇམ་དཔལ་ཡིན་པར་དགོངས་ཏེ་ཡན་ལག་བརྒྱད་ཀྱིས་བཏུད་ཅིང་སྒོ་དྲུང་དེ་ཉིད་དུ་གནས་པས། སྔ་དྲོ་ནམ་ལངས་ནས་ལྷ་མོ་སྐྲ་ཅན་མས་སྒོ་འབྱེད་སྐབས་སྒོ་དྲུང་དུ་འདུག་པ་མཐོང་སྟེ་རྟབ་རྟབ་པོར་གྱུར་ནས་སྒོ་བཅད་དེ། ཀྱེ་བཅོམ་ལྡན་འདས། དགེ་སློང་དེ་ནི་བདག་ཅག་གི་སྒོ་དྲུང་དུ་མཆིས་ཏེ་ཤི་བའམ་གསོན་པ་མ་ཤེས་སོ་ཞེས་བཤད་མ་ཐག་སློབ་དཔོན་འཇམ་པའི་ལྷ་སྒོ་དྲུང་དུ་འཁོད་པས། ཆོས་དཔལ་བཤེས་གཉེན་གྱིས་ཡར་ལངས་ཏེ་ཕྱག་བྱས་ནས་སློབ་དཔོན་ཁྱེད་ནི་འཇམ་དཔལ་ཉིད་ལས་གཞན་དུ་མ་ངེས་པས་བདག་ལ་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་མཚན་ཡང་དག་པར་བརྗོད་པའི་རྣམ་བཤད་ཡི་གེ་བཅུ་གཉིས་ཀྱི་གདམས་པ་སྩལ་དུ་གསོལ་ཞེས་ཞུས་པས།
སློབ་དཔོན་གྱིས་དབང་ཡོན་དང་བྲལ་བ་ལ་དམ་པའི་དོན་བཤད་པར་མི་ནུས་སོ་གསུངས་པས། ཆོས་དཔལ་བཤེས་གཉེན་གྱིས་བདག་ནི་ནོར་གྱིས་ཕོངས་པས་ཇི་ལྟར་བསྟེན་ཅིང་མཆོད་པར་བགྱི། ཞུས་པར། སློབ་དཔོན་གྱི་ཞལ་སྔ་ནས། ནོར་གྱིས་དགོས་པ་མེད་དེ་ཁྱེད་ལ་བརྩེ་བས་དབང་བསྐུར་སྦྱིན་པར་བྱའོ་ཞེས་དབུགས་དབྱུང་བར་མཛད་ཅིང་ཆོས་དབྱིངས་གསུང་གི་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་ནས་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་འདིར་ཕེབས་ཏེ་སྐད་ཅིག་དེ་ཉིད་ལ་ཆོས་དཔལ་བཤེས་གཉེན་ལ་དབང་བསྐུར་ནས་ཡི་གེ་བཅུ་གཉིས་ཀྱི་དོན་རྣམས་གདམས་པར་མཛད་པས། ཆོས་དཔལ་བཤེས་གཉེན་གྱིས་ཤིན་ཏུ་དགའ་ཞིང་ཡི་རངས་དང་བཅས་ཏེ་སྟོན་པ་འཇམ་དཔལ་ལ་ཇི་ལྟར་ནུས་པ་བཞིན་ཕྱག་མཆོད་ཀྱིས་མཉེས་པར་བྱས་ཏེ་མཐར་རང་གི་ལུས་ཀྱང་ཕུལ།
དེ་ནས་འཇམ་དཔལ་གྱིས་ཆོས་དཔལ་བཤེས་གཉེན་ཁྱེད་ཀྱིས་མཚན་ཡང་དག་པར་བརྗོད་པ་འཆད་པ་དེར་བདག་ཀྱང་འོང་ངོ་གསུངས་པ་ལ། ཇི་ལྟར་ཕེབས་པའི་ཚུལ་རྣམས་ཞུས་པས། ཨུཏྤལ་ལ་ཡི་མཚན་མས་བདག་འོངས་པ་ཤེས་པར་གྱིས་ཤིག་ཅེས་བཀའ་བསྩལ་བ་ལྟར་ཤིན་ཏུ་དགའ་ནས་ཡི་རངས་དང་བཅས་སྟོན་པ་འཇམ་དཔལ་ལ་གཡས་སྐོར་ལན་གསུམ་བྱས་ཏེ་ཞབས་ལ་ཕྱག་འཚལ་ནས་ཕྱིར་ཝི་ཀྲ་མཿ་ཤཱི་ལའི་གཙུག་ལག་ཁང་དུ་འབྱོར་ཏེ་མཚན་ཡང་དག་པར་བརྗོད་པ་འཆད་པ་ན་སློབ་དཔོན་འཇམ་དཔལ་ཨུཏྤལ་ལའི་ས་བོན་ལ་གནས་པའི་སྦྲང་བུ་འདབ་མས་བསྒྲིབས་པ་ཞིག་ལ་མངོན་པར་སྤྲུལ་ནས་འདུ་ཁང་གི་དབུས་སུ་ཉེ་བར་འཁོད་དོ། །ཆོས་དཔལ་བཤེས་གཉེན་གྱིས་ཨུཏྤལ་ལའི་མཚན་མས་སྟོན་པ་འཇམ་དཔལ་དུ་ཤེས་ཀྱང་ཕྱིར་ཕྱོགས་ནས་ཅུང་ཙམ་བཤད་རྗེས། བཅོམ་ལྡན་འདས་བདག་གིས་མ་མཐོང་ངོ༌། །ཞེས་བརྫུན་ཚིག་སྨྲས་པས་དེའི་རྣམ་སྨིན་གྱིས་མིག་གཉིས་སར་ལྷུངས་ཤིང་ལོང་བར་གྱུར་པ་ལ་ཤིན་ཏུ་འགྱོད་དེ་ངུ་བཞིན། བཅོམ་ལྡན་འདས་བདག་གིས་མི་ཤེས་པས་ནོངས་པ་ལ་བཟོད་པར་མཛད་དུ་གསོལ་ཞེས་ཞུས་པས། འཇམ་དཔལ་གྱིས་ཁྱེད་ཀྱི་ལས་ཀྱི་རྣམ་སྨིན་ནི་ཞི་བར་མི་འགྱུར་མོད། འོན་ཀྱང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤིག་ཅེས་གསུངས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་པས། དུས་དེ་ནས་བཟུང་མཚན་ལའང་ཡེ་ཤེས་ཆོས་དཔལ་བཤེས་གཉེན་དུ་གྲགས་སོ།།
དེ་ལྟར་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་འཕྲུལ་སློབ་དཔོན་འཇམ་པའི་དཔལ་གྱིས་ཆོས་དཔལ་བཤེས་གཉེན་ལ་གནས་མཆོག་འདིར་ཆོས་དབྱིངས་གསུང་གི་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་ནས་དབང་དང་མཚན་ཡང་དག་པར་བརྗོད་པའི་རྣམ་བཤད་ཡི་གེ་བཅུ་གཉིས་ཀྱི་གདམས་པ་རྣམས་ཡོངས་སུ་རྫོགས་པ་གནང་བས། དུས་དེ་ནས་བཟུང་མཆོད་རྟེན་འདི་ཉིད་ཀྱི་མཚན་ལ་ཆོས་དབྱིངས་གསུང་གི་དབང་ཕྱུག་ཅེས་ཐོགས་པར་གསུངས་སོ།།

དྲུག་པ་བསྐལ་བཟང་འདིའི་རྣམ་འདྲེན་གསུམ་པ་སངས་རྒྱས་འོད་སྲུང་གི་སྐབས་སུ་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་ནམ་ཆོས་དབྱིངས་གསུང་གི་དབང་ཕྱུག་འདི་ཉིད་ཇི་ལྟར་སྦས་པའི་ཚུལ།
དེ་ནས་དེ་བཞིན་གཤེགས་པ་གསེར་ཐུབ་ཡོངས་སུ་མྱ་ངན་ལས་འདས་ཏེ་ཡུན་རིང་ལོན་ཅིང༌། སྐྱེ་རྒུ་རྣམས་ཚེ་ལོ་སྟོང་ཕྲག་ཉི་ཤུར་འཚོ་བའི་སྐབས་བསྐལ་བཟང་འདིའི་རྣམ་འདྲེན་གསུམ་པ་སངས་རྒྱས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ཏེ་གྲོང་ཁྱེར་ཝཱརཱཎསཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། བདག་ཅག་གི་སྟོན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་འོད་ཀྱི་རྒྱལ་པོ་ཞེས་བྱ་བར་གྱུར་ཏེ་དེ་བཞིན་གཤེགས་པ་འཁོར་དང་བཅས་པར་མཆོད་ཅིང་བཀུར་བར་བྱེད་པའི་དུས་སྐབས་དང་མཚུངས་པར། གནས་འདིར་བྱང་ཆུབ་སེམས་དཔའ་སློབ་དཔོན་འཇམ་པའི་དཔལ་གྱིས་བྱ་བ་ཐམས་ཅད་གྲུབ་སྟེ་རྡོ་རྗེ་སློབ་དཔོན་གྱི་ཆ་ལུགས་མི་སྣང་བར་རང་ཉིད་ལྷའི་ལུས་ཀྱི་རང་བཞིན་དུ་གྲུབ་པས་གློག་བཞིན་འཁྱུགས་ཏེ་སྐད་ཅིག་དེ་ཉིད་ལ་རྒྱ་ནག་རི་བོ་རྩེ་ལྔ་པོ་ག་ལ་བར་གཤེགས་སོ། །དེ་ནས་དུས་གཞན་ཞིག་ཏུ་གཽ་ཌིའི་ཡུལ་དུ་དཔལ་རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་པྲ་ཙནྡ་དེ་ཝ་ཞེས་བྱ་བའི་རྒྱལ་པོ་བྱུང་ཞིང༌། དེས་རང་གི་བུ་༼ཤཀྟི་དེ་ཝ་༽སྟེ་ནུས་པའི་ལྷ་རྒྱལ་སྲིད་དུ་དབང་བསྐུར་ནས་རང་ཉིད་འཁོར་བ་ལས་ཡིད་བྱུང་བའི་རྐྱེན་བྱས་ཏེ་རྒྱལ་སྲིད་ཀྱི་བདེ་བ་ཐམས་ཅད་བོར་ནས་ཆོས་དབྱིངས་གསུང་གི་དབང་ཕྱུག་རང་བྱུང་མཆོད་རྟེན་ཆེན་མོ་འདིའི་དྲུང་དུ་འོངས་ནས་རབ་ཏུ་བྱུང་ཞིང་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བཟུང་སྟེ་སྐད་ཅིག་དེ་ཉིད་ལ་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏོ། །འདིའི་རབ་ཏུ་བྱུང་བའི་མཚན་ལ་༼ཤཱནྟི་ཤྲཱི་༽སྟེ་ཞི་བའི་དཔལ་དུ་གྲགས་ཤིང༌། དུས་ནམ་ཞིག་གི་ཚེ་སློབ་དཔོན་ཞི་བའི་དཔལ་་གྱིས་ཆོས་དབྱིངས་གསུང་གི་དབང་ཕྱུག་རང་བྱུང་མཆོད་རྟེན་ཆེན་མོ་འདི་ཉིད་བསྲུང་བར་བྱ་བའི་ཕྱིར་མི་གསལ་བར་བྱའོ་དགོངས་ཏེ་སྟེང་ནས་རྡུལ་སོགས་ཀྱིས་བཀབ་ཅིང་སྦས་ནས་ཕྱིའི་བཀོད་པ་རྣམས་མཆོད་རྟེན་གྱི་གཟུགས་སུ་བྱས་སོ།།
དེ་ནས་འཇམ་དཔལ་སྤྲུལ་པའི་སློབ་དཔོན་འཇམ་པའི་ལྷ་གང་དུ་ཡུན་རིང་བཞུགས་པའི་གནས་སུའང་དེའི་མཐུ་སྟོབས་ཆེན་པོ་རབ་ཏུ་གསལ་བར་བྱ་བའི་ཆེད་དུ་མཆོད་རྟེན་ཞིག་བཞེངས་པར་མཛད་པས་དེང་སང་འཇམ་དཔལ་མཆོད་རྟེན་དུ་གྲགས་པ་འདི་ཉིད་དོ།།
དེ་དང་ལྷན་གྲོང་ཁྱེར་ལྔ་པོ་རྣམས་སུའང་མཆོད་པའི་རྟེན་རེ་གྲུབ་པར་བྱས་ཤིང་སློབ་དཔོན་ཞི་བའི་དཔལ་འདི་ཉིད་ཀྱིས་གྲོང་ཁྱེར་དེ་དག་ཏུ་སྡོམ་པའི་ལྷ་དང༌། སའི་ལྷ། མེའི་ལྷ། ཆུའི་ལྷ། རླུང་གི་ལྷ་ལྔ་པོ་རབ་ཏུ་གནས་པར་བཞག་པ་བཞིན་གྲོང་འདི་དག་གི་མིང་ཡང་དེ་དང་མཚུངས་པར། ཤཱནྟ་པུ་རི་ཞི་བའི་གྲོང་དང༌། ཝ་སུ་པུ་རི་ནོར་གྱི་གྲོང༌། ཨགྣི་པུ་རི་མེ་ཡི་གྲོང༌། ནཱ་ག་པུ་རི་ཀླུའི་གྲོང༌། ཝཱ་ཡུ་པུ་རི་རླུང་གི་གྲོང་བཅས་དེ་ལྟར་དུ་ཐོགས་སོ། །དེ་ལྟར་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་ནམ་ཆོས་དབྱིངས་གསུང་གི་དབང་ཕྱུག་འདི་ཉིད་སློབ་དཔོན་ཞི་བའི་དཔལ་གྱིས་སྲུང་བ་དང་མི་གསལ་བའི་དོན་དུ་རྡུལ་ལ་སོགས་པས་གཡོགས་ཏེ་སྦས་པར་གསུངས་སོ།།

བདུན་པ་བསྐལ་བཟང་འདིའི་སྟོན་པ་རྣམ་འདྲེན་བཞི་པ་མཉམ་མེད་བུ་རམ་ཤིང་པས་བལ་པོའི་ཡུལ་འདི་ཉིད་ལྷ་ཡི་གནས་དང་གྲུབ་པའི་ས་གཞི་མཐུ་སྟོབས་ཆེན་པོར་བསྔགས་པ་དང་མཆོད་པའི་ཕན་ཡོན་རྣམས་ཇི་ལྟར་གསུངས་པའི་སྐོར།
ཡང་སྟོན་པས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་བསྩལ་བ་ལྟར། བལ་པོའི་ཡུལ་འདི་སྔར་ལོ་ལེགས་ཤིང་དཔལ་འབྱོར་ཕུན་སུམ་ཚོགས་པ་རྒྱས་ཏེ་སྐྱེ་བོའི་ཚོགས་མང་པོས་གང་བའི་གྲོང་ཁྱེར་ཤིན་ཏུ་བདེ་ཞིང་སྐྱིད་པ་ཞིག་ཏུ་གྱུར་ཀྱང༌། ནམ་ཞིག་གི་ཚེ་ཡུལ་འདིར་རྒྱལ་པོ་གུ་ཎ་ཀཱ་མ་དེ་ཝ་སྟེ་ཡོན་ཏན་འདོད་པའི་ལྷ་ཞེས་བྱ་བས་རྒྱལ་སྲིད་སྐྱོང་སྐབས་ལོ་བདུན་གྱི་རིང་ཆར་མ་བབས་པས་ལོ་ཉེས་པར་གྱུར་ཏེ་མུ་གེ་ཆེན་པོ་བྱུང་ནས་སྐྱེ་རྒུའི་ཚོགས་རྣམས་སྡུག་བསྔལ་གྱིས་མི་བཟོད་པ་ན་རྒྱལ་པོའི་བསམ་པར། སྡིག་པའི་ལས་ལས་བྱུང་བའི་དཀའ་ཚེགས་ཅན་བདག་ནི་སྨད་པར་བྱ་བའི་གནས་ཏེ། ད་ཅི་ཞིག་བགྱིར་མཆི་སྟེ། ད་ནི་ཐབས་གཞན་དང་བྲལ་བས་གྲུབ་པའི་སློབ་དཔོན་ཆེན་པོ་ཞི་བའི་དཔལ་༼ཞི་བྱེད་ལྷ་༽ གྱི་དྲུང་དུ་སོང་ནས་གསོལ་བ་གདབ་པར་བྱའོ་དགོངས་ཏེ་ཤནྟཔུརིཿའི་གནས་སུ་ཕྱིན་ནས་སློབ་དཔོན་ཞི་བའི་དཔལ་གྱི་ཞབས་ལ་ཕྱག་བྱས་ཤིང་ཐལ་མོ་སྦྱར་ཏེ། སློན་དཔོན་ཆེན་པོ་ཁྱེད་ནི་དུས་གསུམ་གཅིག་ཅར་དུ་མཁྱེན་པའི་བདག་ཉིད་ལགས་མོད། འོན་ཀྱང་བྱ་བ་ཅུང་ཟད་ཙམ་གསོལ་བར་བགྱི་སྟེ། སློབ་དཔོན་ཆེན་པོ། སྡིག་པའི་རང་བཞིན་ཅན་བདག་གི་རྒྱལ་སྲིད་འདི་ལོ་ཉེས་ཤིང་ཆར་ཆུ་དང་བྲལ་བས་མུ་གེ་ཆེན་པོའི་གནས་སུ་གྱུར་ན་ཇི་ལྟར་ཞི་བའི་ཐབས་མཆི་ལགས། གསོལ་བས། སློབ་དཔོན་གྱིས་དེའི་ཐབས་སུ་ཀླུ་བསྒྲུབ་དགོས་པས་ཁྱོད་ཀྱིས་ཀྱང་བགེགས་ཞི་བའི་དོན་དུ་སྒྲུབ་པར་གྱིས་ཤིག ཅེས་བཀའ་བསྒོས་པ་ལྟར་དེ་ཉིད་དུ་ཀླུའི་སྒྲུབ་པ་བྱས་ཏེ་གནས་ཆེན་པོ་བཅུ་གཉིས་ཀྱི་ཀླུའི་རྒྱལ་པོ་ཝརཎ་ལ་སོགས་པ་སློབ་དཔོན་གྱིས་རིགས་སྔགས་ཀྱི་ནུས་པས་བཀུག་ཀྱང་ཀླུ་རྒྱལ་ཀརྐོཊ་རང་གི་ལུས་མི་སྡུག་པའི་རང་བཞིན་ཅན་དེ་ཀླུ་རྒྱལ་གཞན་གྱི་མདུན་དུ་ངོམ་པ་ལ་ངོ་ཚ་སྟེ་དེར་མ་འོངས་པ་ན། སློབ་དཔོན་གྱིས་ཀླུ་རྒྱལ་འགུག་པའི་དོན་དུ་རྒྱལ་པོ་ལ་མངགས་པ་ལྟར། རྒྱལ་པོ་གུ་ཎ་ཀཱ་མ་དེ་ཝས་ཀླུ་རྒྱལ་ཀརྐོཊའི་དྲུང་དུ་ཕྱིན་ཏེ་སློབ་དཔོན་གྱིས་ཇི་ལྟར་བསྒོ་བ་ལྟར་བསྙད་ཀྱང་མ་ཉན་པས། མཐར་སློབ་དཔོན་གྱི་བཀའ་ལྟར་རྒྱལ་པོས་ཀླུ་རྒྱལ་ཀརྐོཊ་སྟོབས་ཀྱིས་ཁྲིད་དེ་འོང་བའི་ལམ་དེར་ད་ལྟ་ཡང་སིཀཙར་ཞེས་གྲགས་སོ།།
དེ་ལྟར་ཀླུ་རྒྱལ་རྣམས་དབང་དུ་བསྡུས་ནས་སློབ་དཔོན་ཞི་བའི་དཔལ་གྱིས་དེ་རྣམས་ལ་ཆར་ཆུ་དུས་སུ་འབེབས་པ་དང་ལོ་ལེགས་ཡོངས་བའི་དོན་དུ་བསྒོས་ཤིང༌། རས་ལ་དེ་རྣམས་ཀྱི་འདྲ་གཟུགས་བྲིས་ཏེ་ནམ་ཞིག་དུས་སུ་ཆར་མི་འབེབ་པ་དེའི་ཚེ་རས་བྲིས་ཀྱི་གཟུགས་རིས་འདི་བཀྲམ་ན་ཆར་འབབ་པར་འགྱུར་རོ་ཞེས་ངེས་པར་བྱས་ཤིང༌། ཀླུ་རྒྱལ་དེ་དག་གིས་ཀྱང་དེ་དེ་བཞིན་དུ་ཁས་བླངས་ཏེ་རང་གནས་སུ་སོང་བས། དུས་དེ་ནས་བཟུང་ཆར་ཆུ་དུས་སུ་བབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ་བྱུང་ངོ༌། །རྒྱལ་པོ་དེ་ཉིད་ཚེ་ཡི་དུས་བྱས་རྗེས་དེའི་བུ་མི་དབང་ལྷ་ཞེས་བྱ་བའི་རྒྱལ་པོ་བདེན་པ་མཐོང་བའི་བདག་ཉིད་ཅན་སྐྱེ་རྒུ་ཀུན་ལ་གཉེན་གཤིན་པ་སྟེ་མཛའ་ཞིང་མཐུན་པ་དེས་རྡོ་རྗེ་སློབ་དཔོན་ཞི་བའི་དཔལ་གྱི་མཐུ་སྟོབས་རྣམ་པར་བསམས་ནས་གསོལ་བ་བཏབ་པས་དེའི་སློབ་མར་གྱུར་ཏེ་སྐྱབས་སུ་སོང་ནས་དགའ་མགུ་ཡི་རངས་དང་བཅས་སློབ་དཔོན་དེ་ཉིད་ལ་མཆོད་ཅིང་རྒྱལ་སྲིད་ཀྱང་ཆོས་བཞིན་དུ་བསྐྱངས་སོ། །དེ་ནས་མཐར་རྡོ་རྗེ་སློབ་དཔོན་ཆེན་པོ་ཞི་བའི་དཔལ་དེ་ཡང་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་རང་གི་གྲོང་གི་མདུན་དུ་དཔག་ཚད་ཀྱི་ས་འོག་ན་ཡིད་བཞིན་གྱི་ནོར་བུ་དཔག་བསམ་ལྗོན་པས་བརྒྱན་ཅིང་ཡིད་དགའ་བའི་མཐོ་རིས་སུ་ཤིས་པའི་དཔལ་གྱིས་བདེ་བའི་བུ་གར་ཏིང་ངེ་འཛིན་མཛད་ནས་བཞུགས་པས། སླར་ཡང་དུས་ཤིན་ཏུ་རིང་བ་ཞིག་ན་ཏིང་ངེ་འཛིན་ལས་ལྡང་བར་འགྱུར་ཏེ་བལ་པོའི་ཡུལ་འདིར་ཆོས་སྟོན་པར་གསུངས་ཤིང༌། སྐབས་དེར་རང་བྱུང་མཆོད་རྟེན་དེའི་རིམ་གྲོ་བ་དགེ་སློང་མ་ཙུནྡཱ་དེ་ཡང་སྟོན་པ་ཉིད་ཀྱིས་ལུང་བསྟན་ལྟར་ཚུལ་ཁྲིམས་ཀྱི་བསླབ་པ་ལེགས་པར་བཟུང་ནས་རབ་ཏུ་བྱུང་བར་བྱས་ཤིང༌། འཇམ་དཔལ་གྱི་རི་བོའི་ཨུཏྤལ་མཐའ་དག་བླངས་ནས་ཆུས་བཀྲུས་ཏེ། ཨོཾ་ཙ་མེ་ཙུནྡེ་སྭཱ་ཧཱ། ཞེས་སྔགས་ཀྱིས་མངོན་པར་བསྔགས་ཏེ་ཉིན་རེ་བཞིན་མཆོད་ཅིང་ཁ་ཟས་ལ་ཉེ་བར་ལོངས་སྤྱད་དེ་དད་པས་མཆོད་རྟེན་ཆེན་མོའི་ཞབས་རིམ་དུ་ཉེ་བར་གནས་པའི་བསོད་ནམས་ཀྱི་མཐུས། མི་རིང་བར་ཙུནྡྷ་ཞེས་པའི་དགེ་སློང་མ་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ།།
དེ་ལྟར་བསྐལ་པ་དཔག་ཏུ་མེད་པའི་སྔོན་ནས་རྩོད་ལྡན་དུས་ཀྱི་ཐ་མ་ད་ལྟའི་བར་དུ་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱི་བྱུང་རིམ་ཤིན་ཏུ་རིང་ཞིང་བརྗོད་ཀྱིས་མི་ལང་བ། འགྲོ་བ་སྤྱི་མཐུན་གྱི་རྣམ་དཀར་དགེ་བའི་རྟེན་སྐལ་དུ་དུས་གསུམ་རྒྱལ་བ་ཀུན་ཀྱི་ཐུགས་རྟེན་རང་བྱུང་དུ་བྱོན་པ་སྭ་ཡཾ་བྷུ་པུ་རིཿ་འམ་སྭ་ཡཾཾ་བྷུ་ནཱ་ཐཿ་ཞེས་བྱ་བའི་མཆོད་རྟེན་གྱི་རྗེ་བོ་དམ་པ་འདི་ཉིད་ལ་སུ་ཞིག་གིས་ཡིད་མངོན་པར་དང་བས་མཆོད་ཅིང་བསྟོད་པ་དང་བཀུར་བའི་འབྲས་བུ་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་མོད། འདིར་རྣམ་འདྲེན་རྒྱལ་བའི་དབང་པོ་རྒྱལ་དབང་དོན་ཀུན་གྲུབ་པའི་བཀའ་ལས་ཇི་སྐད་གསུངས་པའི་དོན་རྣམས་གོང་དུའང་ཟུར་ཙམ་བརྗོད་ཟིན་ལ། འདིར་མཐའ་རྟེན་གྱི་ཚུལ་དུ་བསྡུས་ཙམ་འགོད་ན།
    མཆོད་པའི་ཕན་ཡོན་ཡང་དག་པར་བཤད་པ་ལས་འདི་སྐད་གསུངས་ཏེ། བྱམས་པ་འདི་ལྟ་སྟེ། གང་ཞིག་མི་རྣམས་དད་པས་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་འདི་ལ་ཕྲེང་བ་རྒྱ་ཆེན་པོ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱེད་པ་དེ་སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་མཆོད་པར་འགྱུར་ཞིང༌། ཇི་ལྟར་འདོད་པའང་བདེ་བླག་ཏུ་འབྱོར་ནས་ཐར་པའི་གནས་སུ་འགྲོ་བར་འགྱུར་རོ། །གང་ཞིག་དད་པའི་སེམས་ཀྱིས་འདི་ལ་མེ་ཏོག་སིལ་མའི་ཕུང་པོ་འབུལ་བར་བྱེད་པ་དེ་ལྷ་དང་མིའི་འཇིག་རྟེན་རྣམས་སུ་མཆོད་པར་བྱ་བ་དང༌། འདུད་པར་བྱ་བ་དང༌། ཡིད་དུ་འོང་བའི་ཁ་དོག་ཅན་དང༌། རང་བདེ་སྐྱེ་བོའི་འཁོར་གྱིས་ཡོངས་སུ་བསྐོར་བ་རྣམས་སུ་འགྱུར་རོ། །གང་ཞིག་དད་པས་འདི་ལ་མེ་ཏོག་གི་ཕྲེང་བའི་བླ་བྲེ་བྱེད་པ་དེ་རིན་པོ་ཆེ་སྣ་ཚོགས་མང་པོ་དང་གསེར་གྱི་ཕྲེང་བས་བརྒྱན་ཅིང་རྟག་ཏུ་བདེ་བ་ཕུན་སུམ་ཚོགས་པར་འགྱུར་རོ། །གང་ཞིག་རབ་ཏུ་དང་བའི་བསམ་པས་འདི་ལ་ལྷན་ཅིག་སྐྱེས་པ་དང༌། ཡོངས་སུ་སྦྱར་བ་ལས་བྱུང་བའི་དྲིའི་བདུག་པ་རྣམས་འབུལ་བར་བྱེད་པ་དེ་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་མཆོད་ཅིང་ལུས་ཐམས་ཅད་དྲི་བསྒོས་ཏེ་བདེ་བ་དང་ལྡན་པར་ཞི་བར་འགྲོ་བར་འགྱུར་རོ། །གང་ཞིག་འདི་ལ་དྲི་འབུལ་བར་བྱེད་པ་དེ་དྲི་བཟང་པོས་མཆོད་པ་དང༌། ཉི་མའི་འོད་དང་མཚུངས་པའི་མདོག་དང་ནོར་བུ་རིན་པོ་ཆེ་དང་ལྡན་ཞིང་ལྷའི་འཇིག་རྟེན་གྱིས་མཆོད་ནས་ཐར་པའི་གནས་སུ་འགྲོ་བར་འགྱུར་རོ། གང་ཞིག་འདི་ལ་མར་མེའི་ཕྲེང་བ་བྱེད་པ་དེ་མངོན་པར་དགའ་བའི་མིག་གིས་རིན་པོ་ཆེའི་མཛོད་མང་པོ་དང༌། མི་དང་མི་མ་ཡིན་རྣམས་མངོན་དུ་ལྟ་བར་བྱེད་ཅིང་ཡེ་ཤེས་ཀྱི་སྒྲོན་མ་དང་ལྡན་པར་འགྱུར་རོ། །སུ་ཞིག་འདི་ལ་ཁ་དོག་དང་དྲི་དང་རོ་དང་ལྡན་པའི་ཞལ་ཟས་རབ་ཏུ་འབུལ་བ་དེ་སྟོབས་དང་ལྡན་ཞིང་འཁོར་ལོས་སྒྱུར་བ་ལོངས་སྤྱོད་ཀྱི་དབང་ཕྱུག་ཏུ་གྱུར་ནས་ཐམས་ཅད་བདེ་བ་དང་ལྡན་པར་འགྱུར་རོ། །གང་ཞིག་འདི་ལ་ཕྱེ་མས་བྱུག་པར་བྱེད་པ་དེ་བསོད་ནམས་དང་མི་ལྡན་པའི་མི་རྣམས་ལ་བསོད་ནམས་བསྐྱེད་པའི་སེམས་ཅན་དོན་གྱི་དངོས་གྲུབ་ཀྱང་ཐོབ་ནས་སྐྱེ་བ་དང་རྒ་བའི་ཕོངས་པ་བོར་ཏེ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་རོ།།
འདི་ལ་སུ་ཞིག་གདུགས་རྣམ་པ་མང་པོ་འཛུག་པར་བྱེད་པ་དེ་ལྷ་དང་མིིའི་འཇིག་རྟེན་གྱི་དཔལ་དང་ལྡན་པའི་ལྷའི་དབང་པོ་དང་མིའི་དབང་པོ་གདུགས་དང་འདྲ་བར་གྱུར་ཅིང་ཆོས་ཀྱི་རྗེ་བོར་འགྱུར་རོ། །སུ་ཞིག་འདི་རྙིང་ཞིང་ཞིག་པ་དང་འདྲལ་བ་ལ་སོགས་པ་ཕྱིར་བཅོས་པར་བྱེད་པ་དེ་ལུས་ཡོངས་སུ་རྫོགས་ཤིང་ནད་མེད་པ་ཅན་དང་ཀུན་ནས་ཕུན་སུམ་ཚོགས་པའི་ཆོས་ཀྱི་སྐུ་འཐོབ་པར་འགྱུར་རོ། །འདི་ལ་སུ་ཞིག་བསྐོར་བ་བྱེད་པ་དེ་ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པ་དང༌། ཁ་དོག་དང་ལྡན་པ། ཚེ་རིང་བ་དང༌། བུ་དང་བུ་མོ་ལ་སོགས་པ་ཕུན་སུམ་ཚོགས་པ་དང༌། ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ། །སུ་ཞིག་འདི་ལ་བསམ་པ་དག་པས་བསྟོད་པར་བྱེད་པ་དེ་རྟག་ཏུ་སྒྲ་ཡིད་དུ་འོང་བ་དང༌། དོན་དང་བཅས་པའི་དབྱངས་སྙན་པ་ལ་སོགས་པའི་ལུགས་ཀྱི་མཆོག་རྣམས་དགའ་བར་ཐོས་ཤིང༌། ལྷའི་ལུས་ཐོབ་པར་འགྱུར་བ་དང༌། དངོས་གྲུབ་དང་ལྡན་པའི་ལྷ་དང་མི་རྣམས་ཀྱིས་བསྟོད་པར་བྱེད་ཅིང་མཆོག་གི་གོ་འཕང་འཐོབ་པར་འགྱུར་རོ། །འདི་ལ་སུ་ཞིག་ཨིནྡྲ་ནཱི་ལ་དང༌། ཕ་ལམ་དང༌། མུ་ཏིག་ལ་སོགས་པའི་རིན་པོ་ཆེ་དང༌། གསེར་དང་དངུལ་ལ་སོགས་པའི་ཡོན་ནུས་པ་ཇི་ལྟ་བར་དད་པས་སྦྱིན་པ་དེ་མྱ་ངན་དང་བྲལ་ཞིང་འོད་འབར་བ་དང༌། དམ་པའི་སྐྱེ་བོ་རྣམས་ཀྱིས་བཀུར་ཞིང་ཚེ་རིང་བ་དང༌། རིགས་བཟང་ཞིང་སྒྲིན་ལ་འཇིགས་པ་མེད་པ་དང༌། དབང་པོ་མ་ཉམས་པ་དང༌། བསམ་པ་རྫོགས་པ་དང༌། མཚོན་དང་མེ་དང་ཐོག་དང་ཆར་པའི་འཇིགས་པ་དང་བྲལ་ཞིང་དགྲ་མེད་པ་དང༌། སེམས་ཅན་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་འགྱུར་རོ། །བྱམས་པ། དེ་ལྟར་འདིར་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་ལ་མཆོད་པ་བྱས་པའི་འབྲས་བུ་ཕྱོགས་གཅིག་ཙམ་བདག་གིས་སྨྲས་པར་ཟད་དེ། གཞལ་མེད་པའི་འབྲས་བུ་ཆེན་པོ་ནི་སྟོན་པ་བཅོམ་ལྡན་འདས་རྣམས་ཀྱིས་འདི་ལྟར་གསུངས་ཏེ། སོགས་ནས་སེམས་ཅན་ཐམས་ཅད་ཀྱི་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཆོས་དང་དོན་དང་འདོད་པ་དང་ཐར་པའི་འབྲས་བུ་རྣམས་སུ་འགྱུར་རོ། །ཞེས་བསྐལ་བཟང་འདིའི་རྣམ་འདྲེན་བཞི་པ་རྩོད་དུས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱིས་ནེ་པཱ་ལའི་ཡུལ། རི་བོ་གླང་རུ་ཞེས་བྱ་བའི་རང་བྱུང་མཆོད་རྟེན་ཆེན་མོའི་ནུབ་ཕྱོགས་དང་ཤིན་ཏུ་ཉེ་བའི་གནས་ན་དགེ་སློང་བརྒྱ་ཕྲག་ལྔའི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་ལྔ་དང༌། ཚངས་པ་དང༌། ཁྱབ་འཇུག །དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་ཚོགས་དཔག་ཏུ་མེད་པའི་དབུས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་ཇི་ལྟར་ཞུས་པ་ལྟར་བསླུ་མེད་རྡོ་རྗེའི་ལྗགས་ཀྱིས་བཀའ་བསྩལ་ཅིང༌། དེར་གནས་ཀྱི་འཁོར་ཚོགས་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།

སླར་སྨྲས་པ།
མཐའ་མེད་འདས་དོན་རྒྱ་མཚོའི་གོས་ཅན་ནས་བཞུར་བའི། །ལོ་རྒྱུས་བྱུང་རབས་གངྒཱའི་འབབ་རྒྱུན་ལ་བསམ་ཚེ། །སྣ་ཚོགས་དར་རྒུད་རི་ལུང་གྲངས་མེད་ཀྱི་ཁྲོད་ན། །ངོ་མཚར་ཐིགས་ཕྲེང་ཐོར་བ་ཉུང་ཉུང་ཞིག་མིན་ཡང༌། །གྲངས་མེད་ལོ་ཟླའི་རྒྱབ་ན་བསྐལ་དོན་དུ་སོང་ཞིང༌། །རེ་འགའ་དཔྱད་ཞིབ་འདྲེན་བྱེད་ལོང་བ་ཡི་རྐྱེན་གྱིས། །གཞན་གྱི་ཟེར་སྒྲོས་ཙམ་ལ་ཁུངས་ལྡན་དུ་རློམ་པའི། །སྐྱེ་བོ་དེ་འདྲ་དེང་སང་ས་སྟེང་ན་མང་སྟེ། །ཚད་མ་གསུམ་གྱི་སྣང་བྱེད་ཆེས་ཆེ་རུ་གསལ་ཞིང༌། །ཤེས་རིག་འོད་སྣང་བཀྲ་བའི་ངང་ཚུལ་དེ་བཟུང་ནས། །ཁུངས་བཙུན་ལོ་རྒྱུས་ལྗོངས་སུ་སྤྲོ་བསང་ལ་ཆས་ཏེ། །བདེན་རྫུན་ཤན་འབྱེད་ལྟད་མོར་གཟིགས་མཁན་ནི་ཉུང་ངོ༌། །མཚུངས་མེད་རྒྱལ་བའི་རྟེན་མཆོག་བཞུགས་ས་ཡི་ཡུལ་དང༌། །འགྲན་མེད་སྐྱེས་ཆེན་དམ་པས་ཞབས་བཅགས་ཀྱི་གནས་སུ། །དོན་མེད་གནག་པའི་བློ་ཅན་སྐྱེ་བོ་ཡི་ཚོགས་རྣམས། །ཁུངས་མེད་ཅི་དགར་སྨྲ་ལ་བག་ཟོན་རེ་མཛོད་ཅིག །དེ་སྔོན་བྱུང་ཚད་བགྲང་བྱའི་ཁུག་སོ་ལས་འདས་ཤིང༌། །གཞན་གྱིས་བཤད་ཚད་སོམ་ཉིའི་གཞི་མ་རུ་སྣང་སྟེ། །འདི་ན་བཀོད་ཚད་ཁུངས་བཙུན་ཡིག་ཆ་ལས་བཤུས་ཀྱང༌། །རང་གནོང་སྲིད་ཚད་མཁས་པའི་མདུན་ས་རུ་འཆགས་སོ། །རྣམ་དག་ལྷག་བསམ་ཤོག་བུར་གཞན་ཕན་གྱི་བསམ་པས། །རྣམ་དག་དབྱིངས་ནས་རང་བྱུང་མཆོད་རྟེན་གྱི་ལོ་རྒྱུས། །རྣམ་དག་ཚད་ལྡན་ལུང་བཞིན་བྲིས་པ་ཡི་མཐུ་ལས། །རྣམ་དག་ཞིང་འདི་བསྐལ་བརྒྱར་བརྟན་པ་རུ་སྨོན་ནོ།། །།ཞེས་པའང་ཤར་ཕྲུག་ཚེ་དབང་རིག་འཛིན་པས་སོ།།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...