Friday, December 30, 2011

གྲོགས་མཆོག་ཚེ་རིང་དར་རྒྱས་ལ་སྤྲིངས་པའི་འཕྲིན་ཡིག

༄༅། །ན་མོ་གུ་རུ། བྱམས་བརྩེའི་དཀྱིལ་འཁོར་ཀུན་ནས་རབ་རྫོགས་ཤིང་། །ཀུན་ཕན་ལྷག་བསམ་རྣམ་དཀར་འོད་སྣང་འབུམ། །མངོན་པར་འགྱེད་པའི་བདག་ཉིད་ཀུནྡའི་གཉེན། །འགྱུར་མེད་ཆོས་གྲོགས་སློབ་དཔོན་ཚེ་དར་དྲུང་།།
    སྟབས་འབུལ།  རྒྱང་རིང་ཡུལ་གྱིས་ཇི་ཙམ་བསྐལ་ན་ཡང་། །དྲན་གདུང་སྣང་བརྙན་གསོན་པོའི་འཇིག་རྟེན་ན། །བྲལ་མེད་ལྷན་དུ་གནས་པའི་བདག་ཉིད་ཁྱེད། །སྐུ་ཁམས་བདེ་བའི་ངང་དུ་བཞུགས་ཡོད་པའི། །འཕྲིན་བཟང་འབྱོར་བས་དགའ་བ་འབུམ་ཕྲག་ལྷན། །མཆོག་གསུམ་ཐུགས་རྗེའི་བཀའ་དྲིན་དྲན་བཞིན་དུ། །༸སྐྱབས་མཆོག་རྗེ་བཙུན་བླ་མའི་གདན་ས་འདིར། །གཏོལ་མེད་རང་གར་ལྷག་པའི་གྱི་ན་བའང་། །ལུས་ཀྱི་འབྱུང་ཁམས་སྙོམས་པའི་ཉེར་ལེན་མཐུས། །སྐབས་ཐོབ་རང་འཁྲིས་བྱ་བར་བརྩོན་མུས་ཀྱང་། །ཤེས་རིག་གཤོག་སྒྲོས་རྒྱས་པའི་ངང་མོའི་ཚོགས། །རིམ་བཞིན་རྒྱང་དུ་བཞུད་པའི་མཚོ་གླིང་འདིར། །སེམས་ཁམས་སྟོང་པའི་ཚོར་སྣང་ལྕི་མོའི་འོག །སྤྲོ་སྣང་ཡོད་ཚད་གར་སོང་ཆ་མ་མཆིས། །
    སྐུ་ཉིད་མཐོ་སློབ་ཆེན་མོའི་རྒྱ་སྒོ་དང་། །རྣམ་པར་གྱེས་པའི་ཕྱི་ཕྱག་གཡུགས་པའི་རྗེས། །འདི་ན་ཁོ་བོས་ཉིན་ཞག་གྲོན་པའི་གཏམ། །སྙིང་བསྡུས་སྲོང་པོར་སྨྲས་ན་འདི་ལྟར་ལགས། །མདོ་སྔགས་རིག་པའི་གཞུང་ལུགས་བརྒྱ་ཕྲག་ལ། །མངོན་པར་མཁས་པའི་འབྱུང་གནས་གཅིག་པུ་པ། །མཁས་གྲུབ་དམ་པའི་བསྟི་གནས་མཐོ་སློབ་འདིའི། །གཞལ་མེད་བཀའ་དྲིན་སྙིང་ན་རབ་ལྕི་བས། །རང་གིས་གང་ལྕོགས་སྲི་ཞུ་རྣམ་དག་ཅིག །སྒྲུབ་འདོད་ཡིད་ཀྱི་དོན་པོ་ཉག་ཅིག་ཀྱང་། །རྣམ་དཔྱོད་ལུས་ཟུང་དབེན་པའི་རྐྱེན་དབང་གིས། །ད་ལྟ་རང་ཐོག་བབ་པའི་འགན་འཁྲི་ཀུན། །ཡོད་ཚད་གྲོག་མས་ཤིང་རྟ་དྲུད་པ་ཡི། །དཔེ་ཟླར་སོང་བའི་ངང་ཚུལ་སེམས་ཐེངས་རེར། །ཡི་མུག་སྐྱེ་བའི་རྒྱུ་རྐྱེན་ཁོ་ན་ལས། །བསམས་དོན་གནད་དུ་ཁེལ་བ་ཅང་མ་བྱུང་། །
    འདི་སྐད་སྨྲས་པའང་བགྲང་བྱ་བཅུ་ཕྲག་རིང་། །ལྟོ་གོས་ཆོས་གསུམ་རིན་མེད་ལོངས་སྤྱད་དེ། །གང་དགར་སྐྱིད་ཉལ་བྱས་པའི་རྣམ་སྨིན་ཚོགས། །སྦྱོང་བའི་དུས་སུ་རང་སྡུག་མ་ཐེག་པས། །སྡུག་སྐད་ཞུས་པ་དེ་འདྲ་མ་ལགས་ཀྱང་། །བློ་རིག་འོད་སྣང་འཚེར་བའི་རྒྱུ་སྐར་ཁྲོད། །ཤེས་རིག་དཀྱིལ་འཁོར་གཏི་མུག་སྒྲ་གཅན་གྱིས། །རྣམ་པར་ཟིན་པའི་རང་བཞིན་བདག་འདྲ་ལ། །བརྒྱ་ཕྲག་སློབ་བུའི་བློ་ཁ་རྫོགས་ནུས་པའི། །རིག་གཞུང་བདུད་རྩིའི་དཔལ་ཡོན་འགྱེད་པ་དང་། །ལྷན་ཅིག་སློབ་གླིང་མཛེས་སྡུག་གསལ་ནུས་པའི། །ཀུན་ཕན་བྱས་རྗེས་མེད་པ་དྲང་པོའི་གཏམ། །
    མདོར་ན་རང་རློམ་རྟོག་པའི་ཚོགས་རྣམས་ཀུན། །རྒྱང་དུ་ཕུད་དེ་མྱོང་བ་གསལ་རིག་གིས། །ཇི་ལྟར་རིག་པའི་རང་བཞིན་རྗེན་པའི་དྲུང་། །ནོངས་འགྱོད་མེད་པའི་སྐབས་ཤིག་རྙེད་གྱུར་ན། །ཟོལ་སྦྱོར་བསླུ་བྲིད་བྲག་ཆའི་འུར་ཟིང་ཁྲོད། །མི་ཁ་ཡོད་ཚད་རང་ལ་ཟུག་ན་ཡང་། །གློ་སྙིང་དགའ་བའི་སྣང་བ་ཡལ་མེད་དེ། །མི་ལུས་བླངས་པའི་དོན་འབྲས་མཐར་ཐུག་ཉིད། །འོན་ཀྱང་རིང་ནས་ཚུལ་འཆོས་ཁོ་ན་ལ། །མངོན་པར་འདྲིས་པའི་རང་གཤིས་ངན་པ་འདིས། །དྲན་ཤེས་བག་ཡོད་བྲལ་བའི་རྣམ་འགྱུར་ལྷན། །ཁྲེལ་མེད་གཡོ་སྒྱུའི་ཟློས་གར་ཁྲབ་ཐེངས་རེར། །རང་གཞན་བསླུས་པའི་དུས་ཡུན་འདི་དག་ལ། །ལྟར་སྣང་མགོ་འཕང་ཇི་ཙམ་མཐོ་ན་ཡང་། །བློ་ཁ་སྟོངས་པའི་ཚོར་ཤུགས་སྐྱེན་པོའི་འོག །ཕ་རོལ་འགྲིམ་དགོས་བྱུང་ཚེ་ཀྱེ་མ་སྐྱོ། །
    དེ་ལྟ་ན་ཡང་བློ་ཁ་ཞུམ་མེད་ངང་། །ཤ་ཁྲག་གཅིག་ལས་མཆེད་པའི་སྤུན་ལས་ཀྱང་། །རྣམ་པར་གཅེས་པའི་རྡོ་རྗེའི་གྲོགས་མཆོག་གི །རེ་དོན་རླུང་ལ་བདག་གིས་མི་སྐུར་བས། །ཤེས་ཡོན་འཁོས་ཀ་རྫོགས་པའི་མཁས་པ་ཚོར། །སྐལ་ལྡན་གདུལ་བྱ་ཟད་པའི་སློབ་གླིང་འདིར། །ལས་དབང་བཙན་པོས་ཁ་ལོ་མ་བསྒྱུར་བར། །ཁྱེད་གསུང་སྒྲུབ་པ་བདག་གི་དམ་བཅའ་ལགས། །
    དེ་ཕྱིར་ཐུགས་སུན་མི་འཚལ་མཐའ་དོན་དུ། །རེ་བའི་ཞུ་མཆིད་ཅུང་ཟད་མཆིས་ལགས་ན། །བརྩེ་ལྡན་གྲོགས་ཁྱེད་གང་དུ་གཤེགས་ན་ཡང་། །རྣམ་ཀུན་དགོངས་པའི་ཀློང་ནས་མ་སྙེལ་རོགས། །སྤྱིར་ན་ཆབ་སྲིད་འགྱུར་ལྡོག་སྐྱེན་དྲགས་ཤིང་། །སྒོས་སུ་ཆོས་བརྒྱད་བར་ཆད་འཚུབ་ཆེ་བས། །གང་དུ་བཞུགས་ཀྱང་དྲན་ཤེས་བག་ཡོད་ཀྱི། །སྲུང་འཁོར་སྒོམ་པ་རྣམ་ཀུན་མ་རྗེད་རོགས། །ད་ལྟ་རང་རེ་གསོན་བྲལ་གྱུར་ན་ཡང་། །ཡི་མུག་འཆི་བྲལ་རྣ་བས་མ་ཐོས་གོང་། །འབྲལ་མེད་གཏན་བདེའི་ཞིང་ཁམས་སྙེག་ཐུབ་པའི། །ཉམས་ལེན་རྣལ་མའི་སྟ་གོན་མ་ཆུང་རོགས། །༸རྗེ་བཙུན་བླ་མས་གདམས་པའི་ལམ་ཡིག་ལ། །བརྟེན་ཏེ་མཁས་གྲུབ་གོང་མའི་གཤེགས་ལམ་ནས། །མཐར་ཐུག་བདེ་ཆེན་དག་པའི་ཞིང་མཆོག་ཏུ། །འཛོམས་པའི་རྟེན་འབྲེལ་སྒྲིག་སྟངས་མ་འཕྱུག་རོགས། །འདི་ན་ལོང་མེད་འདུ་འཛི་རྐྱེན་མང་ཡང་། །དེ་ན་སོས་དལ་བཞུགས་པའི་སྐབས་མཆིས་ན། །སྙིང་པོའི་རྟེན་ལ་སྙིང་པོ་ལོན་པ་ལས། །དོན་མེད་ངང་ནས་འཆི་བདག་མ་སྒུག་རོགས། །གལ་ཏེ་མི་རིང་ལེགས་ལམ་འགྲིགས་གྱུར་ན། །སླར་ཡང་ལྷན་འཛོམས་སྐལ་བཟང་འཆར་སྲིད་ཀྱང་། །ངེས་མེད་ཚེ་འདིར་ངེས་པ་མི་འདུག་པས། །འབྲལ་མེད་ཉམས་ལེན་སྐྱོང་བ་མ་བཤོལ་རོགས། །སྐུ་གཅིག་ཆོས་སྐུའི་ནམ་འཕང་གཅོད་པའི་ཐབས། །རྣམ་གཉིས་ཉམས་ལེན་གཤོག་ཟུང་སྐྱོང་བ་དང་། །ཐེག་གསུམ་ལྟ་བའི་ལྡིང་སྐོར་རྒྱག་རན་དུས། །འདུ་འཛིའི་བྲག་རོང་གནས་སུ་མ་རྟེན་རོགས། །ནམ་ཞིག་ཁོ་བོའང་ཡིད་ལ་བརྣགས་པའི་དོན། །རིག་འཛིན་གོང་མའི་ཤུལ་ལམ་ཟིན་ཐུབ་ན། །མཁའ་སྤྱོད་དག་པའི་ཞིང་ནས་འཛོམ་ཆོག་པས། །ཐུགས་སེམས་སྐྱོ་བའི་གདུང་བ་མ་ཆེ་རོགས། །འོན་ཀྱང་གློ་བུར་རྐྱེན་གྱི་སོ་ཁ་ནས། །བར་དོའི་འཕྲང་ལམ་འགྲིམས་པ་གསན་གྱུར་ན། །བཀའ་དྲིན་སུམ་ལྡན་༸རྩ་བའི་བླ་མ་དང་། །གྲོགས་མཆོག་ཁྱེད་ཀྱིས་ར་མདའ་མ་ཆུང་རོགས།།
    སླད་མར་ཐུགས་རྗེས་འགྲོ་ཀུན་རིས་མེད་ངང་། །སྐྱོང་བའི་མངའ་བདག་ལྷར་བཅས་འགྲོ་བའི་མགོན། །སྐྱབས་མཆོག་མཚུངས་མེད་གྲུབ་དབང་བླ་མ་ཡི། །ཡེ་ཤེས་གཟིགས་པ་ཕྱོགས་ལྷུང་བྲལ་བའི་འོག །དམ་གཙང་གྲོགས་ཁྱེད་གང་དུ་བཞུགས་ན་ཡང་། །འབྱུང་འཁྲུགས་ཉེར་འཚེའི་རྐྱེན་གྱིས་མི་རེག་པར། །ཀུན་ཕན་ལྷག་བསམ་དག་པའི་འོད་དཀར་ལས། །དགེ་ཚོགས་བདུད་རྩིའི་དཔལ་ཡོན་འཕེལ་གྱུར་ཅིག །བླ་མ་རྒྱ་མཚོས་བྱིན་གྱིས་རློབ་གྱུར་ཅིག །ཡི་དམ་རྒྱ་མཚོས་དངོས་གྲུབ་སྩོལ་གྱུར་ཅིག །མཁའ་འགྲོ་རྒྱ་མཚོས་ཕྲིན་ལས་འགྲུབ་གྱུར་ཅིག །མདོར་ན་གྲོགས་ཁྱེད་ཀུན་ཏུ་ཤིས་གྱུར་ཅིག །

ཕྲན་ཚེ་རིག་པས་སྤྱི་ལོ་ ༢༠༡༡ ཟླ་བ་ ༡༢ ཚེས་ ༣༠ ཉིན་རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ནས་གུས་ཕུལ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...