Tuesday, November 22, 2011

ཁེར་རྐྱང་གི་དམ་བཅའ།

༄༅། །ཐེག་ཆེན་ཆོས་ཀྱི་གླེགས་བམ་ཀློག་ཐེངས་རེ་རེར།།
ཟབ་རྒྱས་ཆོས་ཀྱི་རྣམ་གྲངས་དཔག་མེད་མཇལ་ཀྱང༌།།
འགྲོ་ཀུན་ཕ་མར་ཤེས་པའི་ངེས་ཤེས་ཟབ་མོ།།
ད་དུང་ཚུལ་བཞིན་རྙེད་པའི་གདེང་ཚོད་བྲལ་བས།།
བྱང་སེམས་ཆོས་ཀྱི་རྩ་བ་མ་ཚུགས་བར་དུ།།
བློ་སྦྱོང་དོན་ལ་བརྩོན་པ་དམ་བཅའ་ལགས་སོ།།

བཀའ་བསྟན་གཞན་ལ་འཆད་པའི་ངལ་རྩོལ་ཁྲོད་ནས།།
ཕྱིར་བལྟས་ཁ་ཡི་བཤད་སྒྲོས་ཇི་ཙམ་མཁས་ཀྱང༌།།
རང་རྒྱུད་ཆོས་དང་འདྲེས་པའི་གདེང་ཞིག་མེད་ན།།
སྒྲ་འཛིན་འཕྲུལ་ཆས་དེ་ཡི་ངང་ཚུལ་འདུག་པས།།
ཕྱི་ནང་དབུགས་ཀྱི་རྒྱུ་བ་མ་ཆད་སྔོན་དུ།།
རང་ཁ་ནང་དུ་སྐོར་བ་དམ་བཅའ་ལགས་སོ།།

རྟགས་གསལ་ཕར་ལ་འཕེན་པའི་ཐལ་སྒྲའི་འོག་ན།།
ལུས་ཀྱི་འགྱིང་བག་ངོམ་པའི་རྩལ་ཆེན་རྫོགས་ཀྱང༌།།
གོ་རྟོགས་ནང་ནས་རྙེད་པའི་ངེས་ཤེས་མེད་ན།།
ཚིག་རྩོད་སྐམ་པོར་མཁས་ཀྱང་དོན་མེད་འདུག་པས།།
དལ་རྟེན་ཆུ་ཟོས་གཏོང་སའི་རྩོད་ར་སྤངས་ནས།།
ཁེར་རྐྱང་མ་ཎི་འདྲེན་པ་དམ་བཅའ་ལགས་སོ།།

ཚེ་འདིར་མཚུངས་མེད་བླ་མའི་ཞལ་རས་མཇལ་ཞིང༌།།
དབང་ལུང་གདམས་པའི་མན་ངག་མང་དུ་ཐོས་ཀྱང༌།།
རིག་པ་རང་ངོ་འཕྲོད་པའི་ཉམས་ལེན་མེད་ན།།
འཛིན་ཞེན་རྟོག་པའི་འཁྲུལ་སྣང་ཟད་ཐབས་བྲལ་བས།།
སྔོན་བྱོན་དམ་པའི་ཤུལ་ལམ་མ་སྙོགས་བར་དུ།།
བརྩོན་པའི་ངལ་བ་མི་ལྷོད་དམ་བཅའ་ལགས་སོ།།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...