Wednesday, September 16, 2009

གྲྭ་རྐྱང་གི་སེམས་ཁོང་ནས་བརྡོལ་པའི་སེམས་གསོའི་འཚམས་འདྲི།

༄༅། །འགྱུར་མེད་གནས་ལུགས་ཀུན་ཁྱབ་གཉུག་མའི་གཤིས་ན།།
འགགས་མེད་དོན་གྱི་རང་མདངས་ལོངས་སྐུའི་རྩལ་ལས།།
མགོན་མེད་མཁའ་ཁྱབ་འགྲོ་བའི་དཔལ་དུ་འཆར་བ།།
ཚད་མེད་སྙིང་རྗེའི་ལྷ་དེས་གཡེལ་མེད་དགོངས་ཤིག།

བརྒྱུད་གསུམ་བྱིན་རླབས་དྲི་མེད་ཀུན་གསལ་ཀློང་ནས།།
མཆོག་ཐུན་དངོས་གྲུབ་གྲུབ་པའི་དཀྱིལ་འཁོར་རྫོགས་པས།།
རྣམ་བཞི་ཕྲིན་ལས་འབུམ་གྱི་འོད་སྣང་ཞིག་གིས།།
འགྲོ་ཁམས་སྐྱོང་བའི་མངའ་བདག་གང་དེས་སྐྱོངས་ཤིག།

མཁྱེན་པའི་ཆ་ཤས་མ་ལུས་ཡོངས་རྫོགས་མཐུས་ལས།།
བརྩེ་ཆེན་འོད་སྣང་རིས་མེད་ཀུན་ལ་ཁྱབ་ཏེ།།
ནུས་པས་སྲིད་པའི་ཚ་གདུང་འཇོམས་པར་དཔའ་བའི།།
ཟླ་མེད་སེམས་དཔའ་ཆེན་པོས་ལྷོད་མེད་དགོངས་ཤིག།

འཇིགས་མེད་སྤོབས་པའི་གདེངས་ཆེན་ཀུན་ནས་རྫོགས་པས།།
ཐུབ་བསྟན་ལུང་རྟོགས་མདོ་སྔགས་ཟུང་དུ་འབྲེལ་བའི།།
བཤད་སྒྲུབ་བསྟི་གནས་སྐྱོང་བའི་མངའ་བདག་གཅིག་པུ།།
ཆོས་ཀྱི་སྒྲ་དབྱངས་སྒྲོག་དེས་འབྲལ་མེད་སྐྱོངས་ཤིག།

རྟེན་འབྱུང་སྒྱུ་མའི་སྟོབས་ཀྱིས་མངའ་དབང་བསྒྱུར་པའི།།
གནས་ལུགས་འཁྲུལ་མེད་རྟོགས་པའི་ཤེས་རབ་འདྲེན་བྱེད།།
ཀུན་བརྟགས་རྡུལ་གྱིས་གཙེས་པའི་ཉམ་ཐག་འགྲོ་འདི།།
དུག་གསུམ་རླུང་འཚུབས་དྲག་པོས་དབང་མེད་ངང་དུ།།
 

སྲིད་པའི་གཅོང་རོང་དོག་མོར་འུར་དེད་བྱེད་པའི།།
ལྷན་སྐྱེས་བདག་འཛིན་རུ་དྲའི་ཆོ་འཕྲུལ་དེ་ལས།།
གཡེལ་མེད་མྱུར་དུ་སྐྱོབ་པའི་དམ་བཅའ་བརྟན་པོས།།
ལྡོག་པའི་མགོན་དེས་གཡེལ་མེད་བྱིན་གྱིས་རློབས་ཤིག།

ཀྱེ་མ་སྲིད་གསུམ་གྲོང་གི་ཡ་གྱལ་ཞིག་སྟེ།།
འདོད་ཁམས་མི་ཡུལ་འཛམ་གླིང་གྲུ་ཁ་འདི་ན།།
མགོན་མེད་ཁེར་རྐྱང་ལུས་པའི་རྡོ་རྗེ་མཆེད་ལྕམ།།
སྐྱོ་བའི་གདུང་འབོད་མ་གནང་བདག་ལ་གསོན་དང༌།།

ཕྱི་ན་དུས་བཞིའི་འཕོ་འགྱུར་གློག་ལས་མྱུར་ཞིང༌།།
ནང་ན་དགྲ་གཉེན་འགྱུར་ལྡོག་སྒྱུ་མའི་འཁྲུལ་སྣང༌།།
གསང་བར་གཏད་མེད་རྣམ་རྟོག་འཕྲོ་བསྡུ་གསུམ་པོས།།
སྣང་བ་ཆོས་ལ་སྒྱུར་བའི་གདམས་པར་སོམས་དང༌།།

དཔྱིད་ཀྱི་ལང་ཚོ་དབྱར་དུས་ཆར་པས་འཇིག་འགྲོ།།
སྟོན་ཀའི་མཛེས་སྡུག་དགུན་དུས་སད་ཀྱིས་བཅོམ་འགྲོ།།
ཕྱི་ཡི་གནམ་གཤིས་དུས་བཞིའི་འཕོ་འགྱུར་འདི་ཡིས།།
མི་རྟག་གསལ་འདེབས་བྱེད་པའི་གདམས་པར་སོམས་དང༌།།

བྱིས་པའི་མཛེས་ཆོས་དར་མའི་ལང་ཚོར་འཕོས་ཤིང༌།།
དར་མའི་ལང་ཚོ་བགྲང་བྱའི་ཁུར་གྱིས་བསྣན་ཏེ།།
ཡིད་འོང་གདོང་ལ་གཉེར་མས་གང་ལུགས་འདི་ཡིས།།
མི་རྟག་གསལ་འདེབས་བྱེད་པའི་གདམས་པར་སོམས་དང༌།།

གཉེན་གྱི་མཆོག་ཏུ་བརྩིས་པའི་ཤ་ཉེ་ཡིན་རུང༌།།
བསམ་བློའི་འཕོ་འགྱུར་གཅིག་གི་ཁ་ཕྱོགས་དེ་ནས།།
ནང་གི་ཉེ་འདུས་དགྲ་བོའི་དྭངས་མར་གྱུར་པའང་།།
རང་སེམས་ཆོས་ལ་སྐུལ་བའི་གདམས་པར་སོམས་དང༌།།

ཚེ་འདིའི་ཚེ་ཚད་མང་ན་ལོ་གྲངས་བརྒྱ་དང༌།།
དཔལ་དང་འབྱོར་བ་མང་ན་ཚེ་འདི་ཙམ་རེད།།
དེ་ཕྱིར་གཏན་བདེའི་ཕུགས་ཀྱི་འདུན་མ་རིང་མོ།།
མ་འགྱངས་སྒྲུབས་ཞེས་གདམས་པའི་མན་ངག་སོམས་དང༌།།

ཐར་པ་བདེ་ཆེན་གྲོང་གི་དཔལ་ཡོན་དེ་དང༌།།
ཐར་མེད་སྲིད་གསུམ་འཁོར་བའི་དུཿཁ་འདི་ལ།།
འཁོར་འདས་རོ་མཉམ་གཟིགས་པའི་རྣལ་འབྱོར་མིན་ན།།
མ་བརྗེད་སྙིང་གི་དཀྱིལ་ནས་ཡང་ཡང་སོམས་དང༌།།

ཁྱད་པར་མན་ངག་བཅུད་ལྡན་གདམས་པའི་བདུད་རྩི།།
འཆི་མེད་བཙན་ས་སྒྲུབ་པའི་རྟེན་དུ་གནང་སྟེ།།
དཔལ་ལྡན་བླ་མས་མཁའ་སྤྱོད་ཞིང་ལ་བསྙེགས་པའང༌།།
རང་སེམས་ཆོས་ལ་སྐུལ་བའི་གདམས་པར་སོམས་དང༌།།

ཚེ་རབས་སྔོན་བསགས་རྣམ་དཀར་འབྲས་བུའི་དཔལ་ལ།།
དབང་བའི་སྐབས་འདིར་རྣམ་ཀུན་གཡེལ་མེད་ངང་དུ།།
རིག་འཛིན་གོང་མའི་གྲལ་མཐར་སྙེག་འདོད་ཆེ་བའི།།
འདུན་པ་འདི་དང་ནམ་ཡང་འབྲལ་མེད་མཛོད་དང༌།།

དྲིན་ཅན་བླ་མ་ཞིང་མཆོག་གང་ན་བཞུགས་ཀྱང༌།།
ཐུགས་རྗེའི་སྤྱན་གྱི་གཟིགས་པ་གཡེལ་བ་མེད་པར།།
སྙིང་ནས་སོམ་ཉི་བྲལ་བའི་གདེང་ཞིག་མཆིས་ན།།
དམ་པའི་དགོངས་དོན་སྒྲུབས་ཤིག་རྡོ་རྗེ་མཆེད་ལྕམ།།

མི་ཕྱེད་དད་པའི་ཆུ་རྒྱུན་དྭངས་མའི་རྫིང་བུར།།
ངོ་ལྐོག་དམ་སེལ་རྙོག་མས་དཀྲུགས་པ་མེད་ན།།
ཉ་གང་མཚན་དཔེའི་གཟུགས་བརྙན་འགོག་མེད་འཆར་བ།།
ཐུགས་རྗེ་ཀུན་ཁྱབ་བླ་མའི་ཞལ་བཞེས་མིན་ནམ།།

མགོན་མེད་བདག་ཀྱང་ཚེ་རབས་སྐྱེ་བའི་ཕྲེང་བར།།
ལེ་ལོ་ཐ་ཤལ་བྱ་བར་གོམས་འདྲིས་ཆེ་བས།།
བག་ཆགས་བཙན་པའི་དབང་ཤུགས་དྲག་པོའི་འོག་ཏུ།།
རིག་པའི་བུ་ཆུང་ངར་འཛིན་སྒྲོག་གིས་བཅིངས་པས།།

དལ་བའི་རྟེན་བཟང་འདུ་འཛིའི་གཡེང་བས་བསླུས་ཤིང༌།།
ཡུན་ཐུང་ཚེ་འདི་མི་རྟག་འཆི་བར་དབང་བས།།
ཕྱི་མ་གར་འགྲོ་དབང་མེད་ལས་ཀྱི་བཀའ་ལ།།
སེམས་ཤིང་བསམས་ན་སྐྱོ་སྣང་ངང་གིས་འཕེལ་ཡོང༌།།

ཁྱད་པར་མ་དག་སྣང་བ་བཙན་པོའི་འོག་ན།།
རྩ་གསུམ་ཀུན་འདུས་ཉེ་བའི་རིགས་བདག་ཆེན་པོའི།།
མཚན་དཔེའི་བཀོད་པ་ཚུར་མཐོང་ཡུལ་ལས་འདས་པའི།།
སྐྱོ་གར་འདི་ཀོ་གཏན་དུ་ཡལ་ཐབས་བྲལ་བས།།

ཀུན་ཁྱབ་ཉི་ཟླའི་འོད་ཀྱི་སྣང་བས་ཁྱབ་ཀྱང༌།།
སྐྱོ་གདུང་ཡིད་ཀྱི་མུན་ནག་སེལ་ཐབས་དབེན་ལ།།
འདུས་སྡེ་སྟོང་ཚོའི་གྲལ་མཐར་ཉིན་མཚན་སྡོད་རུང༌།།
ཁེར་རྐྱང་ལུས་པའི་ཚོར་ཤུགས་འགོག་ཐབས་མ་མཆིས།།

རྗེ་བཙུན་བླ་མ་མཁའ་སྤྱོད་ཞིང་དུ་གཤེགས་ཤིང༌།།
དྲིན་ཅན་ཕ་མ་རྒྱང་རིང་ཡུལ་གྱིས་བསྐལ་ཏེ།།
ས་མཐའི་རྒྱ་ལམ་འདི་ན་གཅིག་པུར་འཁྱམས་པའི།།
མགོན་མེད་བདག་ཀྱང་མི་རིང་ཡུལ་གྲུ་འདི་ནས།།

གཤིན་རྗེའི་བཀའ་དབང་བཙན་པོ་ཕྱིར་འགྱངས་བྱུང་ན།།
ཞེ་ལ་བརྣགས་པའི་རེ་འདོད་ཚུལ་བཞིན་བསྒྲུབས་ནས།།
ཞེན་པའི་ལྕགས་སྒྲོག་བཙན་གྱིས་གཅོད་ཐབས་བྱས་ཏེ།།
ཁེར་རྐྱང་གོང་མའི་གདན་སར་ཤུགས་ཀྱིས་བསྙེགས་འགྲོ།།

འདི་ཕྱིའི་རྒྱབ་རྟེན་དཀོན་མཆོག་གསུམ་པོར་བཅོལ་ཏེ།།
དལ་བའི་རྟེན་འདི་དབེན་པའི་བྱ་སྐྱིབས་དེ་ནས།།
ཕུགས་ཀྱི་རྒྱགས་ཕྱེ་བླ་མའི་གདམས་ངག་ཟབ་མོས།།
འབྲལ་མེད་བསྐྱངས་ནས་གཏན་བདེའི་ས་ལ་ཆས་འགྲོ།།

ཀྱེ་ཧོ་བརྒྱུད་གསུམ་བླ་མའི་གདམས་ངག་ཁྲོད་ན།།
མཁའ་སྤྱོད་ཞིང་ན་འགྲོ་བའི་ལམ་ཡིག་འདུག་པས།།
ཉམས་ལེན་གྲབ་ལ་རེམས་ཤིག་ཆོས་ཀྱི་གྲོགས་པོ།།
ཚོམ་བུ་གཅིག་ཏུ་དག་པའི་ཞིང་སར་བསྙེགས་འགྲོ།།
ཤར་ཕྲུག་ཚེ་དབང་རིག་འཛིན་དུ་འབོད་པས། སྤྱི་ལོ་ཟླ་ཚེས་ ༢༠༠༩-༠༩-༡༦ ཉིན་རྣམ་གླིང་ཆོས་ཀྱི་དགའ་ཚལ་ནས་གང་ཤར་དུ་བཀོད་པ་དགེའོ།། །།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...