Sunday, August 15, 2010

གབ་ཚིག་རིག་པའི་ལྡེ་མིག

༄༅། །འགྲན་མེད་ཕུལ་བྱུང་རྫུ་འཕྲུལ་ལས་ཀུན་ལ།།
མངའ་དབང་འབྱོར་བར་རྩོད་མེད་ཡོངས་གྲུབ་ཀྱང་།།
ཕ་རོལ་རྒོལ་བའི་ལག་ཏུ་དབང་མེད་ངང་།།
གཅེས་པའི་སྲོག་རྩ་དོར་བའི་དགེ་སྦྱོང་སུ།།

སྲིད་གསུམ་འགྲོ་ཀུན་སྐྲག་པའི་གནས་ཉིད་ལ།།
མི་འཇིགས་སྤོབས་པའི་གདེང་ཚོད་མ་ཐོབ་ཀྱང་།།
ནམ་ཞིག་ཕུང་བྱེད་གྲོགས་ཀྱིས་ཉེར་བསྐུལ་ཚེ།།
དེ་ལ་སྐྱབས་སུ་འཛིན་པའི་ལྐུགས་རྟགས་ཅི།།

མཚན་བཟང་གྲངས་ལྡན་གོས་དཀར་ལྕང་ལོའི་སྡེ།།
སྒྲུབ་པར་གཞོལ་བའི་བྱ་སྐྱིབས་ཡངས་རྩེ་ན།།
དྲག་པོའི་དབྱིབས་ཅན་ལྷུན་པོའི་མཐའ་སྐོར་ནས།།
སྣང་བའི་སྐབས་སྦྱིན་ཉི་ཟླའི་ཟོལ་ཅན་གང་།།

ལྷ་ཀླུའི་རིགས་རྒྱུད་མཆོག་ལས་རབ་མཆེད་པའི།།
གངས་ཅན་བོད་རིགས་མི་སྣ་སུམ་ཅུ་ལས།།
བརྒྱུད་པའི་ལྷད་མེད་གདུང་འཛིན་ཡིན་ལགས་ཀྱང་།།
དུད་འགྲོའི་ཐོད་ཅན་སྐྱེ་བོ་བཅུ་གཉིས་གང་།།

ཇི་ཙམ་བསྣར་པ་དེ་ཙམ་ཐུང་འགྱུར་ཞིང་།།
རྩོལ་མེད་བཞག་ཀྱང་དབང་མེད་དེངས་འགྲོ་ཅན།།
མཐུན་ཕྱོགས་ཉུང་ལ་སྡང་ཕྱོགས་མང་བའི་ཁྲོད།།
དལ་མེད་རྒྱུག་པའི་ལས་ངན་དེ་འདྲ་ཅི།།

རང་དང་རང་ཕྱོགས་སྲུང་བའི་ཐབས་ལམ་ལ།།
ཇི་ཙམ་འབད་ཀྱང་ཕམ་ཁའི་སྣ་འདྲེན་དུ།།
གྱུར་པའི་གོ་ལྡོག་ལས་ཀྱི་འབྲས་བུ་ཡིས།།
དབང་མེད་རང་སྡུག་ཉོ་མཁན་དེ་རྣམས་སུ།།
པདྨའི་རང་མདངས་དེབ་ཕྲེང་བཅུ་དྲུག་པའི་གབ་ཚིག་གི་ལས་ཚན་ལས་སོ།།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...