Sunday, August 22, 2010

མདོ་སྔགས་རིག་པའི་འབྱུང་གནས་གླིང་།

༄༅། །མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཀློང་ནས་རྨད་བྱུང་རིག་པའི་འོད་སྣང་འབུམ།།
མངོན་པར་འཕྲོས་པའི་དགེ་མཚན་དམ་པས་སྐལ་ལྡན་འགྲོ་བའི་རེ་དོན་ཀུན།།
ལྷག་མེད་སྐོང་བའི་མཐུ་དཔལ་རྫོགས་པས་ཕན་བདེའི་འདོད་དགུ་མ་ལུས་པ།།
འཛད་མེད་འཇོ་བའི་དགོས་འདོད་འབྱུང་གནས་ལྷོ་གླིང་འཛིན་མའི་དཔལ་དུ་མཛེས།།

འཆད་པས་ལུང་བསྟན་ཉིན་མོའི་སྣང་བ་འཛམ་གླིང་སྐྱེ་འགྲོའི་དཔལ་དུ་འཆར།།
རྩོད་པས་སོམ་ཉི་ལོག་རྟོག་སྨག་རུམ་ལྷག་མེད་མི་མངོན་དབྱིངས་སུ་དེངས།།
རྩོམ་པས་རིག་གཞུང་རྒྱ་མཚོའི་སྐྱེད་ཚལ་བློ་གསལ་བུང་བའི་གསོས་སུ་བསྐྲུན།།
འཆད་རྩོད་རྩོམ་པའི་རྨད་བྱུང་དཔྱིད་དཔལ་ལྷོ་ཕྱོགས་འཛིན་མའི་ཁྱོན་དུ་བཞད།།

མཁས་པའི་སྙན་གྲགས་དབྱར་སྐྱེས་རྔ་ཡིས་གཟུར་གནས་རྨ་བྱའི་དགའ་བ་རྒྱས།།
བཙུན་པའི་འདུལ་ཁྲིམས་དྲི་བཞོན་ཤིང་རྟས་ཡོན་ཏན་རྒྱ་མཚོའི་ཆུ་འཛིན་དཀྲིགས།།
བཟང་པོའི་གྲུ་ཆར་ཕྱོགས་མེད་ཕབ་པས་ཕན་བདེའི་ལོ་ཏོག་འཛད་མེད་རྒྱས།།
མཁས་བཙུན་བཟང་པོའི་ཆར་ལྡན་དུས་འདི་ལྷོ་ཕྱོགས་འཛིན་མའི་ཁྱོན་དུ་བཞད།།

བཤད་པའི་དཀྱིལ་འཁོར་ཀུན་ནས་རྫོགས་པས་ལུང་བསྟན་ཟེར་བརྒྱའི་སྣང་བ་སྤྲོ།།
སྒྲུབ་པའི་ས་ཞིང་མངོན་པར་དུལ་བས་བསླབ་གསུམ་བསྟན་པའི་སྙེ་མ་ལྡེམ།།
ལས་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབ་པས་ཀུན་ཕན་ཞི་བདེའི་དཔལ་ཡོན་རྒྱས།།
བཤད་སྒྲུབ་ལས་ཀྱི་འབྲས་ལྡན་དུས་འདི་ལྷོ་ཕྱོགས་འཛིན་མའི་ཁྱོན་དུ་བཞད།།
སྤྱི་ལོ་ ༢༠༡༠ ལོར། སྔ་འགྱུར་མཐོ་སློབ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་དྲུག་པའི་དྲན་དེབ་ནང་བར་སྐབས་ཀྱི་ཚིགས་བཅད་དུ་ཚེ་རིག་པས་སྤེལ་པ་དགེའོ།།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...