༄༅། །ན་མོ་གུ་རུ། ཀུན་ཏུ་ཀུན་ཕན་བློ་ཡི་དཔལ་ཡོན་དང་། །ལེགས་ཚོགས་རྒྱ་མཚོས་མཛེས་པའི་ཁྱད་ཆོས་ཀུན། །དབང་བས་གཞན་དོན་སྒྲུབ་པའི་ཉམས་ལེན་གྱིས། །ཕྱུག་པའི་དམ་གཙང་ཆོས་ཀྱི་གྲོགས་པོའི་དྲུང་།།
སྟབས་འབུལ། དམ་ཆོས་བདུད་རྩིར་བགྲང་བྱ་ལྔ་གཉིས་རིང་། །ལྷན་དུ་རོལ་པའི་རྡོ་རྗེའི་སྤུན་གྲོགས་ཁྱེད། །དྲི་མེད་ཚུལ་ཁྲིམས་རྒྱུ་ཡིས་ལེགས་དྲངས་ཤིང་། །ཕྱིན་དྲུག་གྲོགས་ཀྱི་རྐྱེན་དང་ཡོངས་འགྲོགས་ཏེ། །རྣམ་དག་སྨོན་པའི་འབྲས་བཟང་དལ་འབྱོར་གྱི། །རྟེན་མཆོག་ཉེར་འཚེའི་རྐྱེན་གྱིས་མ་རེག་པར། །ཆོས་ལྡན་སྨན་ལྗོངས་དབྱར་རྔའི་རྒྱལ་ཁམས་ཀྱི། །དབེན་རི་གྲུབ་པའི་གཤེགས་ཤུལ་དམ་པ་དེར། །རྣམ་ཀུན་ཉམས་ལེན་དོན་ལ་བརྩོན་བཞིན་པའི། །གཏམ་བཟང་ཐོས་པར་དགའ་སྤྲོ་དཔག་མེད་ངང་། །འདིར་བཞུགས་ཆོས་གྲོགས་ཡོངས་ཀྱི་ཚབ་ཞུས་ཏེ། །བཅོས་མིན་སྙིང་ནས་དད་དམ་འགྱུར་མེད་ཀྱི། །གུས་སེམས་དྲག་པོས་འཚམས་འདྲི་ལན་བརྒྱར་བཅས། །ལྷོ་ཕྱོགས་བདེ་ལྡན་ཆོས་ཀྱི་ཡུལ་གྲུ་ནས། །ཚེ་འདིར་རྗེ་བཙུན་བླ་མའི་ཞབས་དྲུང་དུ། །དབང་ལུང་གདམས་ངག་ལན་མང་ཞུས་ན་ཡང་། །རིག་པ་རང་ངོ་སྐྱོང་བའི་ཉམས་ལེན་ཉིད། །འཛིན་གཟུང་འཁྲུལ་སྣང་ཆེ་བའི་བསླུ་བྲིད་འོག །གར་སོང་ཆ་མེད་གྱུར་པའི་སྐལ་དམན་ངས། །དགེ་སྦྱོར་དོན་ལ་བར་དུ་གཅོད་པ་ལས། །འཕྲིན་བཟང་སྙན་སྒྲོན་ཞུ་རྒྱུ་ཅང་མེད་རུང་། །གནས་ཚུལ་ཀུན་ཀྱི་ཡང་སྙིང་མདོར་བསྡུས་ན། །ཐེག་མཆོག་བསྟན་པའི་གསལ་བྱེད་གྲུབ་དབང་རྗེས། །རྣམ་གྲོལ་སྒོ་འཕར་ཕྱེ་བའི་གནས་མཆོག་སྟེ། །བཤད་སྒྲུབ་ཟུང་དུ་འབྲེལ་བའི་རིང་ལུགས་ཉིད། །དར་རྒྱས་ཡར་ངོའི་དཔལ་ལ་འགྲན་བཞིན་པའི། །གླིང་མཆོག་འདི་ན་རྡོ་རྗེ་སྤུན་གྲོགས་ཀུན། །མཆོག་གསུམ་ཐུགས་རྗེའི་གྲིབ་བསིལ་སྣུམ་པོ་དང་། །འབྲལ་མེད་ཉེར་འཚེའི་རྐྱེན་གྱིས་མ་རེག་པར། །མཁས་ཚུལ་རྣམ་དགུའི་དོན་ལ་བརྩོན་བཞིན་དུ། །བདེ་བར་མཆིས་པས་རྡོ་རྗེའི་སྤུན་གྲོགས་ཁྱེད། །འཚབ་མེད་ཐུགས་ཡིད་ལྷོད་པོར་མཛོད་ཅིག་གུ། །ཁྱད་པར་ཆོས་སྡེ་འདི་ཡི་ཕྱི་ནང་གི །འཛིན་སྐྱོང་གྲུབ་དབང་བླ་མའི་ཐུགས་སྲས་གཙོ། །མཆོག་སྤྲུལ་གསུམ་དང་མཁན་ཆེན་རྣམ་གསུམ་གྱིས། །སྔར་ལྟར་ལེགས་སྐྱོང་མཛད་པའི་བཀའ་དྲིན་དང་། །ལྷག་བསམ་འོ་མཚོའི་མདངས་ལ་འགྲན་ནུས་པའི། །བཤེས་གཉེན་ལས་སྣེ་ཀུན་ཀྱི་ངལ་རྩོལ་ལས། །འཆད་པའི་སྙན་གྲགས་དབྱར་རྔའི་དཔལ་ལ་འགྲན། །རྩོད་པའི་རིགས་ལམ་བདེ་ཐུང་རྩལ་དང་མཐུན། །རྩོམ་པའི་འགྲོས་ལེགས་རང་བྱུང་སྐྱེད་ཚལ་བཞིན། །དར་ཞིང་རྒྱས་པས་མདོ་སྔགས་རིག་གནས་ཀྱི། །འབྱུང་གནས་སློབ་གླིང་འདི་ཀོ་ད་ལྟའི་ཆར། །ཕུན་ཚོགས་ཆར་ལྡན་དུས་ཀྱི་རྗེས་སུ་འགྲོ།།
༈ ད་ནི་འདི་ན་སྒེར་གྱི་མི་ཚེའི་ནང་། །ལས་དབང་བཙན་པའི་དལ་འགྲོའི་བབ་རྒྱུན་ལས། །ཉིན་ཞག་ལ་ལུང་བརྒལ་པའི་བར་མཚམས་སུ། །མཆེད་པའི་སྐྱིད་སྡུག་ཐིགས་ཕྲེང་རེ་རེ་ཡི། །སྐྱོ་གཏམ་སྙན་ངག་ཚིག་གི་ཕྲེང་བ་རུ། །དྲངས་པའི་དབྱངས་རྟ་དབུགས་ཀྱི་ཤུགས་རིང་ལྷན། །དལ་གྱིས་གྱེར་ལ་ཐུགས་ཁྲེལ་མི་མཛད་པར། །ཡུད་ཙམ་བརྩེ་བས་བདག་ལ་གསན་པར་མཛོད། །བརྩོན་འགྲུས་གྲོགས་ཀྱིས་གཡུགས་པའི་ཆག་སྒོའི་ཁྲོད། །ཐོས་བསམ་ནོར་གྱིས་དབུལ་བའི་སྤྲང་པོ་ངས། །དགེ་སྦྱོང་ཆོས་བཞི་ཚད་མེད་རྣམ་བཞི་སོགས། །ཉམས་ལེན་ཟས་དང་བྲལ་བའི་ལྟོག་ཉལ་ངང་། །བགྲང་བྱ་རྣམ་དགུའི་ལོ་ཟླ་ཟད་པའི་རྗེས། །རང་རྒྱུད་ཤེས་བྱས་སྟོངས་ཀྱང་སློབ་དཔོན་གྱི། །ཐ་སྙད་གཞན་ལ་ངོམ་རྒྱུའི་གོ་སྐབས་འོག །མདོ་སྔགས་རིག་པའི་གཞུང་ལ་འཆད་ཁྲིད་དང་། །བློ་གསལ་སློབ་བུ་སྐྱོང་བའི་ངང་ཚུལ་གྱིས། །ཟོག་པོའི་ཁྲབ་སྟོན་འགྲན་ཟླ་བྲལ་བ་ཞིག །འཁྲབས་ཏེ་བསླུ་བྲིད་གཏམ་གྱིས་སྙིགས་དུས་འདིར། །གཞན་མགོ་སྐོར་བའི་ལེ་ཚན་དང་པོ་དེ། །ཚེགས་མེད་བདེ་སླར་གྲུབ་པའི་ལག་རྗེས་སུ། །ཕྱི་མ་ངན་འགྲོའི་ཞིང་ཁམས་རྣམ་གསུམ་པོ། །གང་དུ་ཕྱིན་ཀྱང་གྲངས་མེད་བསྐལ་པའི་བར། །སྡོད་རྒྱུའི་ཆོག་མཆན་ཡིད་རྟོན་འཕེར་བ་ཞིག །རྙེད་པ་འདི་ཀོ་མི་ཚེའི་སྙིང་པོར་འཁུམས། །ད་དུང་འཛམ་གླིང་ཞི་བདེའི་དེད་དཔོན་ལས། །མཐའ་བྲལ་སྨྲ་བའི་དབང་ཕྱུག་ཀླུ་སྒྲུབ་དང་། །ཕར་ཕྱིན་རབ་འབྱམས་རྗེ་བཙུན་བྱམས་པ་སྟེ། །ངེས་གསང་ལེགས་བཤད་མཛོད་འཆང་མཚོ་སྐྱེས་རྗེར། །མ་རྙེད་མིང་གི་ཆོ་ལོའང་བདག་གིས་བརྙེས། །འདི་ན་འཇོན་ཐང་རྩལ་གྱིས་རབ་དབེན་ཀྱང་། །རླུང་རྟ་ཡར་ལ་ཕྱོགས་པའི་བང་རྩལ་ལ། །བརྟེན་པའི་དྲིན་ལས་བློ་ལྡན་གྲོགས་པོ་ཚོའི། །སྔོན་དུ་བུད་པའི་གྲགས་པའང་བདག་གིས་བླངས། །མདོར་ན་ཆོས་སྒྲུབ་གྲོགས་ཀྱི་སྣང་ངོ་ལ། །ཡོད་ཚད་དགྲ་རུ་སྡང་བའི་སྙན་གྲགས་དཔལ། །འཇིག་རྟེན་ཆོས་སུ་གྲགས་པའི་བདུད་ཕྲུག་འདིར། །ཁྱེད་ཉིད་སྐྲག་སྟེ་བྲོས་ཀྱང་རྗེས་ཤུལ་དུ། །བློ་མཐུན་མནའ་ཤག་གྲོགས་སུ་བདག་གིས་བསྒྲིགས། །འོན་ཀྱང་གྲོགས་ཁྱེད་བདག་འདྲ་མ་ལགས་ཤིང་། །རྣམ་གྲོལ་རྒྱལ་ས་སྐྱོང་བའི་སྲིད་བྱུས་ལ། །རང་བྱན་ཆུད་པས་འདི་སྣང་སྒྱུ་མའི་ཆོས། །ཆོས་བརྒྱད་ཡིད་སྲུབས་གཡབ་མོས་མ་ཁུག་པར། །སྲིད་རྩའི་ཉེས་དམིགས་ཀུན་ཀྱི་བྱེད་པོ་སྟེ། །མ་རིག་ལོག་རྟོག་བདུད་ཀྱི་རྒྱལ་པོ་ཡི། །སྲོག་རྩ་སྐད་ཅིག་ཉིད་ལ་འཇོམས་བྱེད་པའི། །བླ་མའི་གདམས་ངག་རལ་གྲི་ངར་མ་དེ། །འཁྱེར་ནས་བརྩོན་པའི་རྟ་མཆོག་བ་ལ་ཧར། །བཅིབས་ཏེ་ངེས་བྱུང་དྲག་པོའི་དཔའ་ངར་གྱིས། །དབེན་རི་བདུད་དཔུང་འཇོམས་པའི་གླིང་ཕྱོགས་སུ། །ཉམས་ལེན་གཡུལ་དུ་ཆས་པའི་དཔའ་བོ་སྟེ། །བསླབ་གསུམ་བསྟན་པའི་རྒྱལ་མཚན་རང་སེམས་སུ། །འཛུགས་པའི་རྣམ་ཐར་སྐྱོང་ལ་སེམས་གཏིང་ནས། །ཡི་རངས་ལན་བརྒྱར་ཞུའོ་དམ་གཙང་གྲོགས། །དེང་སང་སྙིགས་དུས་དུས་ཀྱི་མར་གཤམ་འདིར། །དཔག་མེད་བསྐལ་པའི་ལེགས་ཚོགས་ཇི་སྙེད་ཀུན། །ལྷག་མེད་གཅིག་ཏུ་བཟླུམས་པའི་རྟེན་བཟང་ལས། །ཚད་མེད་སྙིང་པོའི་ཡོན་ཏན་ལེན་པ་ལ། །གཡེལ་མེད་བརྩོན་པའི་ཤེས་ལྡན་ཁྱེད་ཉིད་ཙམ། །སྙན་པའི་གཏམ་དང་རྒྱུ་ནོར་གྲགས་པའི་དཔལ། །མཁོ་དགུའི་ལོངས་སྤྱོད་རྒྱབ་ཏུ་བསྐྱུར་དང་ལྷན། །སྒྲུབ་བརྒྱུད་བསྟན་པའི་རིང་ལུགས་སྐྱོང་བ་ལ། །ཡི་རངས་ཆེའོ་དམ་གཙང་རྡོ་རྗེའི་སྤུན། །མཁའ་མཉམ་འགྲོ་བའི་དོན་ཆེན་སྒྲུབ་པའི་ཕྱིར། །རྣམ་ཀུན་ལྷོད་མེད་འབད་བརྩོན་དྲགས་པོ་ཡིས། །རྗེ་བཙུན་བླ་མའི་རྣམ་ཐར་སྐྱོང་བ་ལ། །བཀའ་དྲིན་ཆེ་འོ་༸གྲུབ་དབང་བླ་མའི་སྲས། །བདག་ཀྱང་འདི་ན་འདུ་འཛིའི་རླབས་ཕྲེང་ཁྲོད། །ལོ་གསུམ་བརྣགས་པའི་སྲི་ཞུ་ལེགས་གྲུབ་རྗེས། །ངེས་མེད་ཚེ་ཡི་ལྷག་འཕྲོ་ཇི་སྙེད་པ། །དབེན་རི་མི་མེད་ལུང་པའི་བྱ་སྐྱིབས་ནས། །མཚུངས་མེད་རྗེ་བཙུན་བླ་མའི་ལམ་སྟོན་བཞིན། །རིག་འཛིན་གོང་མའི་ཤུལ་ལམ་སྙེག་བྱས་ཏེ། །ཕྱི་མ་བདེ་ཆེན་སྐྱིད་པའི་ཕ་ཁྱིམ་དུ། །འབྱོར་ན་རིགས་དྲུག་ཕ་མའི་དྲིན་ལན་དེ། །གསབ་འདོད་ཡིད་ཀྱི་དོན་པོ་ཉག་ཅིག་ཀྱང་། །མི་འདོད་རྐྱེན་དབང་དྲག་པོའི་གཉའ་གནོན་འོག །སྒྱུ་ལུས་གཡར་ཁང་བདག་པོས་དབང་བྱས་ཏེ། །རྣམ་ཤེས་མགྲོན་པོ་བར་དོའི་འཕྲང་ལམ་དུ། །དབང་མེད་འཁྱམས་པའི་གནས་ཚུལ་གསན་འགྱུར་ན། །དེ་ཚེ་སྐྱབས་གཅིག་གྲུབ་དབང་བླ་མ་དང་། །དམ་གཙང་རྡོ་རྗེའི་སྤུན་མཆེད་ཁྱེད་གཉིས་ཀྱིས། །ཕྱི་མའི་ལམ་སྣ་ཟིན་པའི་གྲོགས་དན་དུ། །བརྩེ་ཆེན་ཐུགས་རྗེའི་ར་མདའ་མ་ཆུང་ཞིག །ནམ་ཞིག་གྲོགས་ཁྱེད་སྲིད་གསུམ་ཕུང་བྱེད་ཀྱི། །བདག་འཛིན་ནག་ཕྱོགས་དཔུང་ལས་རབ་རྒྱལ་སྟེ། །འགྱུར་མེད་བདེ་ཆེན་ཆོས་སྐུའི་རྒྱལ་ཁམས་སུ། །དབང་ཚེ་བདག་ཀྱང་ཁྱེད་ཀྱི་ཞབས་འབྲིང་དུ། །སྐྱེ་བའི་སྨོན་ལམ་ལན་བརྒྱར་འདེབས་ལགས་ན། །ཚེ་རབས་ལས་ངན་སྟོབས་ཤུགས་བཙན་པོའི་འོག །ལོང་མེད་སྡུག་གིས་མནར་བའི་སྐྱབས་འོག་པར། །བརྩེ་ཆེན་ཐུགས་རྗེའི་ཀློང་ནས་མི་སྙེལ་བའི། །སྐྱབས་འཇུག་གཡེལ་མེད་མཛོད་ཅིག་ཆོས་ཀྱི་གྲོགས། །ཅི་སྟེ་བདག་ཀྱང་ཡིད་ལ་བརྣགས་པའི་དོན། །ཚེ་མཇུག་གྲུབ་པའི་གདན་ས་སྙེག་ཐུབ་ན། །མི་རིང་འུ་ཅག་པདྨ་འོད་གླིང་དུ། །གྲུབ་རིགས་རྒྱ་མཚོའི་གཙུག་རྒྱན་རྗེ་བླ་མའི། །སྒྲིབ་མེད་རང་ཞལ་མངོན་སུམ་མཇལ་བ་དང་། །ལྷན་ཅིག་འཚང་རྒྱའི་སྨོན་ལམ་ད་ནས་འདེབས། །སྤྱིར་ན་མི་བརྟན་འདུས་བྱས་ཆོས་ཀུན་ལ། །ཡིད་རྟོན་མི་སྔའི་གདེང་ཚོད་མ་མཆིས་ཀྱང་། །འུ་ཅག་ཚེ་འདིའི་ལས་འབྲེལ་མ་རྫོགས་ན། །སླར་ཡང་རྗེ་བཙུན་གྲུབ་དབང་བླ་མ་ཡི། །ཡང་སྤྲུལ་གསེར་གྱི་ཉི་གཞོན་འཆར་བའི་དུས། །དམ་གཙང་རྡོ་རྗེའི་སྤུན་གྲོགས་མ་ལུས་པ། །མཚུངས་མེད་དྲིན་ཅན་བླ་མའི་གདན་ས་འདིར། །མཉམ་དུ་འཛོམས་པའི་ཚད་མེད་དགའ་སྟོན་ལ། །རོལ་བའི་དཔྱིད་དཔལ་ངང་གིས་གྲུབ་ནས་འོང་། །མདོར་ན་ཚེ་རབས་སྐྱེ་བའི་ཕྲེང་བ་རུ། །ལྷན་ཅིག་དབང་དྲག་པདྨའི་རིང་ལུགས་ལ། །སྤྱོད་པས་རིག་འཛིན་གྲུབ་པའི་གྲལ་མཐའ་ན། །ཚོམ་བུ་གཅིག་ཏུ་གནས་པའི་རྟེན་འབྲེལ་དང་། །ཁྱད་པར་མཚུངས་མེད་འགྲོ་མགོན་ཆོས་ཀྱི་རྗེ། །སྐྱབས་གཅིག་གྲུབ་དབང་བླ་མ་བྱང་ཆུབ་བར། །འབྲལ་མེད་མཉེས་པ་གསུམ་གྱིས་ལེགས་བསྟེན་ནས། །མཁའ་མཉམ་ཕ་མའི་དྲིན་ལན་འཇལ་བར་ཤོག །སླད་མར་སྐུ་ཉིད་ཉེར་འཚེའི་ཆུ་འཛིན་གྱིས། །མཚན་དཔེའི་དཀྱིལ་འཁོར་སྒྲིབ་པ་མེད་པའི་ངང་། །དགེ་སྦྱོར་འོད་སྣང་དམ་པས་ཉིན་མཚན་ཀུན། །སྤངས་རྟོགས་འདབ་བརྒྱ་སྐྱོང་བའི་སྨོན་འདུན་ཞུ། །རྗེ་བཙུན་བླ་མས་བྱིན་གྱིས་རློབ་པར་ཤོག །ཡི་དམ་རྒྱ་མཚོས་དངོས་གྲུབ་སྩོལ་བར་ཤོག །མཁའ་འགྲོ་རྒྱ་མཚོས་ཕྲིན་ལས་སྒྲུབ་པར་ཤོག །གྲོགས་ཁྱེད་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །སརྦ་མངྒ་ལཾ།། །།
ཕྲན་ཚེ་དབང་རིག་འཛིན་ནས་སྤྱི་ལོ་ ༢༠༡༡ ཟླ་ ༠༡ ཚེས་ ༡༧ དགེ་བར་གུས་ཕུལ།