Sunday, July 28, 2019

གདམས་ཟབ་གནད་ཀྱི་མདོ་འགག་དྲུག

༄༅། །སྐྱིད་ན་མི་དགའ་སྡུག་ན་དགའ། །སྐྱིད་ན་ཉོན་མོངས་དུག་ལྔ་འབར། །སྡུག་ན་སྔོན་བསགས་ལས་ངན་འཛད། །སྡུག་བསྔལ་བླ་མའི་ཐུགས་རྗེ་ཡིན། །བསྟོད་ན་མི་དགའ་སྨད་ན་དགའ། །བསྟོད་ན་ང་རྒྱལ་ཁེངས་སེམས་ཆེ། །སྨད་ན་རང་སྐྱོན་ཐེར་ལ་འབུད། །མི་ཁ་ལྷ་ཡི་ཕ་འབབ་ཡིན། །མཐོ་ན་མི་དགའ་དམའ་ན་དགའ། །མཐོ་ན་ཕྲག་དོག་ང་རྒྱལ་སྐྱེ། །དམའ་ན་བག་ཡངས་དགེ་སྦྱོར་འཕེལ། །དམན་ས་གོང་མའི་གདན་ས་ཡིན། །འབྱོར་ན་མི་དགའ་རྒུད་ན་དགའ། །འབྱོར་ན་གསོག་སྲུང་སྡུག་བསྔལ་ཆེ། །རྒུད་ན་དཀའ་སྤྱད་ལྷ་ཆོས་འགྲུབ། །སྤྲང་ལུས་ཆོས་པའི་གཏད་སོ་ཡིན། །བྱིན་ན་མི་དགའ་ཕྲོག་ན་དགའ། །བྱིན་ན་ལན་ཆགས་འཁུར་པོ་འཕེལ། །འཕྲོག་ན་ཚེ་རབས་བུ་ལོན་སོད། །ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན། །གཉེན་ལ་མི་དགའ་དགྲ་ལ་དགའ། །གཉེན་གྱིས་ཐར་ལམ་བར་དུ་གཅོད། །དགྲ་བོ་བཟོད་པའི་ཡུལ་དུ་བྱེད། །རོ་སྙོམས་ཉམས་ལེན་གནད་འགག་ཡིན། །ཆོས་བཞིན་མཛད་ན་དེ་འདྲ་དགོས། །བློ་ཐག་ཆོད་ན་དེ་འདྲ་དགོས། །རི་ཁྲོད་འཛིན་ན་དེ་འདྲ་དགོས། །རྒྱལ་ཁམས་འགྲིམ་ན་དེ་འདྲ་དགོས། །གདམས་ཟབ་གནད་ཀྱི་མདོ་འགག་དྲུག །ཕ་གཅིག་བླ་མའི་ཞལ་རྒྱུན་ཡིན། །བུ་གཅིག་སེམས་ཀྱི་གཏད་སོ་ཡིན། །སྙིང་གི་སྙིང་པོ་ཚིག་དྲུག་འདི། །གྲོགས་གཅིག་ཁྱོད་རང་མ་ལགས་པ། །གཞན་ལ་ཚིག་ཟུར་ཕུད་པ་མེད། །རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ལས་ཟུར་བཀོལ་ཞུས་པའོ།། །།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...