Monday, December 26, 2022

རྟགས་འཇུག་དཀའ་གནད་དུས་གསུམ་སྡོམ་ཚིག་གསལ་བའི་མེ་ལོང་འབྲིང་པོ་བཞུགས་སོ།།

༄༅། །རྟགས་འཇུག་དཀའ་གནད་དུས་གསུམ་སྡོམ་ཚིག་གསལ་བའི་མེ་ལོང་འབྲིང་པོ།

མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅས་པ།
༄༅། །ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་ཀུན་མཁྱེན་རབ་འདུས་པའི་དཔྱིད། །བརྟན་པའི་འཁོར་ལོར་ཕྱག་འཚལ་ནས། །རྟགས་འཇུག་དཀའ་གནད་གསལ་འཆར་བའི། །དུས་གསུམ་སྡོམ་ཚིག་མེ་ལོང་སྦྱིན། །

དུས་གསུམ་སྤྱི་བསྟན་པ།
གངས་ཅན་མིག་གཅིག་སམྦྷོ་ཊའི། །ཐུགས་མཚོ་ལས་བྱུང་རྟགས་འཇུག་གི །ཅི་ཕྱིར་འཇུག་བསྟན་ཚིགས་བཅད་ཀྱིས། །བསྟན་དོན་དུས་གསུམ་སྤྱི་དང་ནི། །བྱེ་བྲག་འཐོར་བུ་ཁྱབ་མཉམ་དང་། །ཆ་འདྲ་ལྔ་ལས་དང་པོ་ནི། ། ༈ ཕོ་ནི་འདས་དང་ཞེས་པ་དང་། །མ་ནིང་གཉིས་ཀ་མོ་ནི་བདག །ཅེས་པའི་གཞུང་གིས་དངོས་སུ་བསྟན། །

དུས་གསུམ་སྤྱིའི་འཇུག་ཡུལ་བསྟན་པ།
འཇུག་ཡུལ་མིང་གཞི་རྐྱང་འདོགས་ལ། །སྤྱི་ནི་བྱ་ཚིག་མ་ནིང་དང་། །བྱེད་པར་མོས་འཕུལ་མིང་གཞི་ནི། །ཅ་ཏ་ཞ་ཤ་ས་ལྔ་ལ། །བརྗོད་བདེའི་དབང་གིས་ག་ཡིག་འཇུག །པ་སྡེ་ལས་གཞན་འདས་པར་ཕོ། །སྒྲ་གདངས་འགྱུར་བ་ཡིན་ཏེ་དཔེར། །

རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ དགག་བྱ་འགོག་བྱེད་བཀག་ཁོགས་ཤིག །དགང་བྱ་འགེངས་བྱེད་བཀང་ཁོངས་ཤིག །དགས་བྱ་འགས་བྱེད་བཀས་ཁོས་ཤིག །དགབ་བྱ་འགེབས་བྱེད་བཀབ་ཁེབས་ཤིག །དགུག་བྱ་འགུགས་བྱེད་བཀུག་ཁུག་ཅིག །དགུམ་བྱ་འགུམས་བྱེད་བཀུམ་ཁུམ་ཞིག །དགོག་བྱ་འགོག་བྱེད་བཀོག་ཁོག་ཅིག །དགོད་བྱ་འགོད་བྱེད་བཀོད་ཁོད་ཅིག །གདགས་བྱ་འདོགས་བྱེད་བཏགས་ཐོགས་ཤིག །གདབ་བྱ་འདེབས་བྱེད་བཏབ་ཐོབས་ཤིག །གདིང་བྱ་འདིང་བྱེད་བཏིང་ཐིངས་ཤིག །གདུལ་བྱ་འདུལ་བྱེད་བཏུལ་ཐུལད་ཅིག །གདེགས་བྱ་འདེགས་བྱེད་བཏེགས་ཐེགས་ཤིག །གདོན་བྱ་འདོན་བྱེད་བཏོན་ཐོནད་ཅིག །གཞལ་བྱ་འཇལ་བྱེད་བཅལད་འཇོལད་ཅིག །གཞག་བྱ་འཇོག་བྱེད་བཞག་ཞོག་ཅིག །གཞིབ་བྱ་འཇིབ་བྱེད་བཞིབས་འཇིབས་ཤིག །གཞིལ་བྱ་འཇིལ་བྱེད་བཅིལད་ཆིལད་ཅིག །གཞིག་བྱ་འཇིག་བྱེད་བཤིག་ཤིགས་ཤིག །གཞུག་བྱ་འཇུག་བྱེད་བཅུག་ཆུགས་ཤིག །གཞོམ་བྱ་འཇོམས་བྱེད་བཅོམ་ཆོམས་ཤིག །གཟུང་བྱ་འཛིན་བྱེད་བཟུང་ཟུངས་ཤིག །གཟུད་བྱ་འཛུད་བྱེད་བཙུད་ཚུད་ཅིག །

ད་ལྟ་བར་ག་ཡིག་འཇུག་པའི་དཔེ་བསྟན་པ།
༈ ཅེས་དང་མིང་གཞི་ཅ་སོགས་ལ། །བརྗོད་བདེར་ག་ཡིག་འཇུག་དཔེ་ནི། །གཅག་བྱ་གཅོག་བྱེད་བཅག་ཆོགས་ཤིག །གཅད་བྱ་གཅོད་བྱེད་བཅད་ཆོད་ཅིག །གཅིར་བྱ་གཅིར་བྱེད་བཅིར་ཆིརད་ཅིག །གཅར་བྱ་གཅོར་བྱེད་བཅར་གཅོརད་ཅིག །གཏང་བྱ་གཏོང་བྱེད་བཏང་ཐོངས་ཤིག །གཏོད་བྱད་གཏོད་བྱེད་བཏོད་གཏོད་ཅིག །གཏད་བྱད་གཏོད་བྱེད་བཏད་ཐོད་ཅིག །གཞར་བྱ་གཞོར་བྱེད་བཞར་གཞོརད་ཅིག །གཞབ་བྱ་གཞབ་བྱེད་བཞབས་གཞོབས་ཤིག །གཞོག་བྱ་གཞོག་བྱེད་བཞོགས་གཞོགས་ཤིག །གཤལ་བྱ་གཤལ་བྱེད་བཤལ་གཤོལད་ཅིག །གཤུད་བྱ་གཤུད་བྱེད་བཤུད་བཤུད་ཅིག །གཤེར་བྱ་གཤེར་བྱེད་བཤེར་གཤེརད་ཅིག །གསག་བྱ་གསོག་བྱེད་བསགས་སོག་ཅིག །གསད་བྱ་གསོད་བྱེད་བསད་སོད་ཅིག །གསེག་བྱ་གསེག་བྱེད་བསེགས་གསོགས་ཤིག །གསེད་བྱ་གསེད་བྱེད་བསེད་བསེད་ཅིག །གསིལ་བྱ་གསིལ་བྱེད་བསིལ་གསིལད་ཅིག །ཅེས་པ་སོགས་ཀྱིས་ངེས་པར་མཚོན། །དེ་དག་རྐྱང་པར་འཕུལ་ཚུལ་ལོ། །

འདོགས་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ འདོགས་ཅན་ལ་ཡང་འདི་ལྟ་སྟེ། །དགྲམ་བྱ་འགྲེམས་བྱེད་བཀྲམ་ཁྲོམས་ཤིག །དབྲལ་བྱ་འབྲལ་བྱེད་ཕྲལད་ཕྲོལད་ཅིག །དབྱི་བྱ་འབྱིད་བྱེད་ཕྱི་ཕྱིས་ཤིག །དབྲི་བྱ་འབྲིད་བྱེད་ཕྲི་ཕྲིས་ཤིག །དབྱུང་བྱ་འབྱིན་བྱེད་ཕྱུང་ཕྱུངས་ཤིག །དབྱེ་བྱ་འབྱེད་བྱེད་ཕྱེ་ཕྱེས་ཤིག །དབྲོག་བྱ་འཕྲོག་བྱེད་ཕྲོགས་ཕྲོགས་ཤིག །ཅེས་པས་མཚོན་ཏེ་ཤེས་པར་བྱ། །པ་སྡེ་ལས་གཞན་འདས་པར་ཕོ། །ཞེས་པའི་དཔེ་ཡང་འདི་ཡིས་འཐུས། །

དུས་གསུམ་སྤྱི་ཞེས་པའི་རྒྱུ་མཚན་བསྟན་པ།
༈ དེ་ལྟར་དུས་གསུམ་གཅིག་ལ་ཡང་། །འཕུལ་བྱེད་ཕོ་མོ་མ་ནིང་གསུམ། །ཚང་བའི་ཚུལ་གྱིས་འཇུག་པ་ལ། །དུས་གསུམ་སྤྱི་ཞེས་གྲགས་པ་ཡིན། །

དུས་གསུམ་བྱེ་བྲག་བསྟན་པ།
༈ གཉིས་པ་དུས་གསུམ་བྱེ་བྲག་ནི། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་རྐང་པས་དངོས་སུ་བསྟན། །

དུས་གསུམ་བྱེ་བྲག་གི་འཇུག་ཡུལ་བསྟན་པ།
༈ མིང་གཞི་ཞ་ཤར་རྐྱང་པ་དང་། །ཟ་ས་དག་ལ་རྐྱང་འདོགས་གཉིས། །དེ་ལས་གཞན་པ་བརྩེགས་འདོགས་ངེས། ། ༈ བྱེ་བྲག་བྱ་འདས་ཕོས་འཕུལ་ཞིང་། །བྱེད་པར་འཕུལ་དང་ཡང་འཇུག་མེད། །མ་འོངས་ཡང་འཇུག་མེད་པ་དང་། །འདས་སྐུལ་གཉིས་ལ་དགོས་པ་ཡིན། །སྐབས་འགར་འདས་དང་སྐུལ་ཚིག་ལ། །ས་རྐྱང་སྦྱར་པས་འཐུས་པ་དང་། །བྱ་འདས་བྱེད་སྐུལ་འདྲ་བའང་ཡོད། །སྒྲ་གདངས་མ་ངེས་མིང་གཞི་གཅིག །

བརྩེགས་མ་ལ་འཇུག་པའི་དཔེ་བསྟན་པ།
༈ བཀླག་བྱ་ཀློག་བྱེད་བཀླགས་ཀློགས་ཤིག །བཀླུབ་བྱ་ཀླུབ་བྱེད་བཀླུབས་ཀླུབས་ཤིག །བརྐྱང་བྱ་རྐྱོང་བྱེད་བརྐྱངས་རྐྱོངས་ཤིག །བསྐང་བྱ་སྐོང་བྱེད་བསྐངས་སྐོངས་ཤིག །བསྐོན་བྱ་སྐོན་བྱེད་བསྐོནད་སྐོནད་ཅིག །བསྐོར་བྱ་སྐོར་བྱེད་བསྐོརད་སྐོརད་ཅིག །བསྐུམ་བྱ་སྐུམ་བྱེད་བསྐུམས་སྐུམས་ཤིག །བསྐུར་བྱ་སྐུར་བྱེད་བསྐུརད་སྐུརད་ཅིག །བསྐྱང་བྱ་སྐྱོང་བྱེད་བསྐྱངས་སྐྱོངས་ཤིག །བསྐྱབ་བྱ་སྐྱོབ་བྱེད་བསྐྱབས་སྐྱོབས་ཤིག །བསྐྱར་བྱ་སྐྱོར་བྱེད་བསྐྱརད་སྐྱོརད་ཅིག །བསྐྱལ་བྱ་སྐྱོལ་བྱེད་བསྐྱལད་སྐྱོལད་ཅིག །བརྒྱང་བྱ་རྒྱོང་བྱེད་བརྒྱངས་རྒྱོངས་ཤིག །བརྒྱབ་བྱ་རྒྱོབ་བྱེད་བརྒྱབས་རྒྱོབས་ཤིག །བརྒྱུག་བྱ་རྒྱུག་བྱེད་བརྒྱུགས་རྒྱུགས་ཤིག །བསྒོམ་བྱ་སྒོམ་བྱེད་བསྒོམས་སྒོམས་ཤིག །བསྒྲིག་བྱ་སྒྲིག་བྱེད་བསྒྲིགས་སྒྲིགས་ཤིག །བསྒྲིབ་བྱ་སྒྲིབ་བྱེད་བསྒྲིབས་སྒྲིབས་ཤིག །བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་སྒྲུབས་ཤིག །བསྒྲེང་བྱ་སྒྲེང་བྱེད་བསྒྲེངས་སྒྲེངས་ཤིག །བསྒྲག་བྱ་སྒྲོག་བྱེད་བསྒྲགས་སྒྲོགས་ཤིག །བརྔུབ་བྱ་རྔུབ་བྱེད་བརྔུབས་རྔུབས་ཤིག །བསྙུང་བྱ་སྙུང་བྱེད་བསྙུངས་སྙུངས་ཤིག །བསྙེག་བྱ་སྙེག་བྱེད་བསྙེགས་སྙེགས་ཤིག །བསྟིམ་བྱ་སྟིམ་བྱེད་བསྟིམས་སྟིམས་ཤིག །བསྟན་བྱ་སྟོན་བྱེད་བསྟནད་སྟོནད་ཅིག །བརྡུང་བྱ་རྡུང་བྱེད་བརྡུངས་རྡུངས་ཤིག །བསྡམ་བྱ་སྡོམ་བྱེད་བསྡམས་སྡོམས་ཤིག །བསྣུབ་བྱ་སྣུབ་བྱེད་བསྣུབས་སྣུབས་ཤིག །བསྣམ་བྱ་སྣོམ་བྱེད་བསྣམས་སྣོམས་ཤིག །བརྩམ་བྱ་རྩོམ་བྱེད་བརྩམས་རྩོམས་ཤིག །བརྩེག་བྱ་རྩེག་བྱེད་བརྩེགས་རྩེགས་ཤིག །བརྫང་བྱ་རྫོང་བྱེད་བརྫངས་རྫོངས་ཤིག །བརླག་བྱ་རློག་བྱེད་བརླགས་རློགས་ཤིག །བརླབ་བྱ་རློབ་བྱེད་བརླབས་རློབས་ཤིག །བརླམ་བྱ་རློམ་བྱེད་བརླམས་རློམས་ཤིག །བསྲིང་བྱ་སྲིང་བྱེད་བསྲིངས་སྲིངས་ཤིག །བསྲུང་བྱ་སྲུང་བྱེད་བསྲུངས་སྲུངས་ཤིག །བསླང་བྱ་སློང་བྱེད་བསླངས་སློངས་ཤིག །ཅེས་སོགས་བརྩེགས་མའི་དབང་བྱས་པའི། །ཚིགས་བཅས་དང་པོའི་དཔེར་མཚོན་ཡིན། །

རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ རྐྱང་པའི་དབང་བྱས་འདི་ལྟ་སྟེ། །བཞོན་བྱ་ཞོན་བྱེད་བཞོནད་ཞོནད་ཅིག །བཟའ་བྱ་ཟ་བྱེད་བཟས་ཟོས་ཤིག །བཤམ་བྱ་ཤོམ་བྱེད་བཤམས་ཤོམས་ཤིག །བཤུབ་བྱ་ཤུབ་བྱེད་བཤུབས་ཤུབས་ཤིག །བཤུམ་བྱ་ཤུམ་བྱེད་བཤུམས་ཤུམས་ཤིག །བསལ་བྱ་སེལ་བྱེད་བསལད་སོལད་ཅིག །བསུབ་བྱ་སུབ་བྱེད་བསུབས་སུབས་ཤིག །བསུམ་བྱ་སུམ་བྱེད་བསུམས་སུམས་ཤིག །ཅེས་སོགས་ཧ་ཅང་མང་པོ་མེད། །

འདས་པར་ས་རྐྱང་སྦྱར་པས་འཐུས་པའི་དཔེ་བསྟན་པ།
༈ འདས་སྐུལ་ས་རྐྱང་སྦྱར་པས་འཐུས། །བརྐུ་བྱ་རྐུ་བྱེད་བརྐུས་རྐུས་ཤིག །བརྐོ་བྱ་རྐོ་བྱེད་བརྐོས་རྐོས་ཤིག །བསྐོ་བྱ་སྐོ་བྱེད་བསྐོས་སྐོས་ཤིག །བསྐྱི་བྱ་སྐྱི་བྱེད་བསྐྱིས་སྐྱིས་ཤིག །བསྒོ་བྱ་སྒོ་བྱེད་བསྒོས་སྒོས་ཤིག །བསྙེ་བྱ་སྙེ་བྱེད་བསྙེས་སྙེས་ཤིག །བསྣོ་བྱ་སྣོ་བྱེད་བསྣོས་སྣོས་ཤིག །བརྩི་བྱ་རྩི་བྱེད་བརྩིས་རྩིས་ཤིག །བརྫི་བྱ་རྫི་བྱེད་བརྫིས་རྫིས་ཤིག །བརྫུ་བྱ་རྫུ་བྱེད་བརྫུས་རྫུས་ཤིག །བརྫེ་བྱ་རྫེ་བྱེད་བརྫེས་རྫེས་ཤིག །བཟླ་བྱ་ཟློ་བྱེད་བཟླས་ཟློས་ཤིག །བསྲི་བྱ་སྲི་བྱེད་བསྲིས་སྲིས་ཤིག །བསྲེ་བྱ་སྲེ་བྱེད་བསྲེས་སྲེས་ཤིག །བསྲོ་བྱ་སྲོ་བྱེད་བསྲོས་སྲོས་ཤིག །བསླུ་བྱ་སླུ་བྱེད་བསླུས་སླུས་ཤིག །བསླེ་བྱ་སླེ་བྱེད་བསླེས་སླེས་ཤིག །ལྟ་བུ་འདས་དང་སྐུལ་ཚིག་ལ། །ས་རྐྱང་སྦྱར་པས་འཐུས་པའི་དཔེ། །

བྱེད་སྐུལ་འདྲ་བའི་མཚོན་དཔེ་བསྟན་པ།
༈ བསྐྱེད་བྱ་སྐྱེད་བསྐྱེད་སྐྱེད་ཅིག །བསྐྱོད་བྱ་སྐྱོད་བྱེད་བསྐྱོད་སྐྱོད་ཅིག །བསྐྲད་བྱ་སྐྲོད་བྱེད་བསྐྲད་སྐྲོད་ཅིག །བརྗེད་བྱ་རྗེད་བྱེད་བརྗེད་རྗེད་ཅིག །བརྗོད་བྱ་རྗོད་བྱེད་བརྗོད་རྗོད་ཅིག །བརྟོད་བྱ་རྟོད་བྱེད་བརྟོད་རྟོད་ཅིག །བསྟད་བྱ་སྟོད་བྱེད་བསྟད་སྟོད་ཅིག །བརྩད་བྱ་རྩོད་བྱེད་བརྩད་རྩོད་ཅིག །བསྲད་བྱ་སྲད་བྱེད་བསྲད་སྲོད་ཅིག །ཅེས་པ་ལ་སོགས་བྱ་འདས་དང་། །བྱེད་སྐུལ་འདྲ་བའི་དཔེར་མཚོན་ཡིན། །

དུས་གསུམ་བྱེ་བྲག་ཅེས་པའི་རྒྱུ་མཚན་བསྟན་པ།
༈ དེ་ལྟར་སྡེ་ཚན་གཅིག་གི་ནང་། །འཕུལ་བྱེད་བྱེ་བྲག་ཕོ་གཅིག་པུ། །མ་གཏོགས་འཇུག་པ་མེད་པ་ལ། །མཁས་པས་དུས་གསུམ་བྱེ་བྲག་བཏགས། །

དུས་གསུམ་འཐོར་བུ་བསྟན་པ།
༈ གསུམ་པ་འཐོར་བུ་བསྟན་ཚུལ་ནི། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མོ་ནི་བདག་ད་ཞེས་པས་བསྟན། །

དུས་གསུམ་འཐོར་བུའི་འཇུག་ཡུལ་བསྟན་པ།
༈ མིང་གཞི་རྐྱང་འདོགས་གཉིས་སུ་ངེས། །འཐོར་བུ་བྱ་འདས་སྔོན་འཇུག་ཕོས། །འཕུལ་ཞིང་བྱེད་པར་མོ་ཡིག་དང་། །མ་འོངས་ཡང་འཇུག་མེད་པར་ངེས། །ད་ལྟར་ཡང་འཇུག་སྲིད་པ་ཙམ། །སྐུལ་ཚིག་སྔོན་འཇུག་ཀྱང་དེ་བཞིན། །

རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ བཀུ་བྱ་འཁུ་བྱེད་བཀུས་ཁུས་ཤིག །བཅག་བྱ་འཆགས་བྱེད་བཅགས་ཆོགས་ཤིག །བཅང་བྱ་འཆང་བྱེད་བཅངས་ཆོངས་ཤིག །བཅབ་བྱ་འཆབ་བྱེད་བཅབས་ཆོབས་ཤིག །བཅིང་བྱ་འཆིང་བྱེད་བཅིངས་ཆིངས་ཤིག །བཅིབ་བྱ་འཆིབ་བྱེད་བཅིབས་ཆིབས་ཤིག །བཅུ་བྱ་འཆུ་བྱེད་བཅུས་ཆུས་ཤིག །བཞོ་བྱ་འཇོ་བྱེད་བཞོས་གཞོས་ཤིག །བཞུ་བྱ་འཇུ་བྱེད་བཞུས་ཞུས་ཤིག །བཏག་བྱ་འཐག་བྱེད་བཏགས་ཐོགས་ཤིག །བཏུ་བྱ་འཐུ་བྱེད་བཏུས་ཐུས་ཤིག །བཏེག་བྱ་འདེགས་བྱེད་བཏེགས་ཐེགས་ཤིག །བཏོག་བྱ་འཐོག་བྱེད་བཏོགས་ཐོགས་ཤིག །བདའ་བྱ་འདེད་བྱེད་བདས་དེད་ཅིག །བཙག་བྱ་འཚག་བྱེད་བཙགས་ཚགས་ཤིག །བཙང་བྱ་འཚང་བྱེད་བཙངས་ཚོངས་ཤིག །བཙལ་བྱ་འཚོལ་བྱེད་བཙལད་ཚོལད་ཅིག །བཙིར་བྱ་འཚིར་བྱེད་བཙིརད་ཚིརད་ཅིག །བཙུམ་བྱ་འཚུམ་བྱེད་བཙུམས་ཚུམས་ཤིག །བཙེམ་བྱ་འཚེམ་བྱེད་བཙེམས་ཚེམས་ཤིག །བཙོ་བྱ་འཚོད་བྱེད་བཙོས་ཚོས་ཤིག །བཙོག་བྱ་འཚོག་བྱེད་བཙོགས་ཚོགས་ཤིག །བཙོང་བྱ་འཚོང་བྱེད་བཙོངས་ཚོངས་ཤིག །བཤག་བྱ་འཆགས་བྱེད་བཤགས་ཤོག་ཅིག །བཤད་བྱ་འཆད་བྱེད་བཤད་ཤོད་ཅིག །ལ་སོགས་རྐྱང་པར་འཇུག་པའི་དཔེ། །

འདོགས་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ གཉིས་པ་འདོགས་པར་འཇུག་ཚུལ་ནི། །བཀྱིག་བྱ་འཁྱིགས་བྱེད་བཀྱིགས་ཁྱིགས་ཤིག །བཀྱེ་བྱ་འགྱེད་བྱེད་བཀྱེས་ཁྱེས་ཤིག །བཀྲབ་བྱ་འཁྲབ་བྱེད་བཀྲབ་ཁྲོབས་ཤིག །བཀྲི་བྱ་འཁྲིད་བྱེད་བཀྲིས་ཁྲིད་ཅིག །བཀྲུ་བྱ་འཁྲུད་བྱེད་བཀྲུས་ཁྲུས་ཤིག །ཅེས་པས་མཚོན་ཏེ་ཤེས་པར་བྱ། །

དུས་གསུམ་འཐོར་བུ་ཞེས་པའི་རྒྱུ་མཚན་བསྟན་པ།
༈ སྔོན་འཇུག་ཕོ་མོ་མ་ནིང་ལས། །སྤྱི་བྱེ་ཕྱོགས་སུ་མ་ལྷུང་བར། །ཕོ་མོ་གཉིས་འཇུག་སྡེ་ཚན་ལ། །འཐོར་བུ་ཞེས་སུ་མཁས་པས་གསུངས།།

དུས་གསུམ་ཁྱབ་མཉམ་བསྟན་པ།
༈ བཞི་པ་ཁྱབ་མཉམ་བསྟན་ཚུལ་ནི། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་རྐང་པས་ཤིན་ཏུ་མོ། །དངོས་བསྟན་གཞན་རྣམས་ཤུགས་བསྟན་ཡིན། །

ཁྱབ་མཉམ་གྱི་འཇུག་ཡུལ་བསྟན་པ།
༈ མིང་གཞི་རྐྱང་བརྩེགས་འདོགས་གསུམ་ཡོད། །དུས་གསུམ་ག་ལ་འཕུལ་བྱེད་དང་། །མིང་གཞི་གཅིག་ན་ཡང་རྗེས་དང་། །དབྱངས་མ་མཐུན་ཡང་ཁྱབ་མཉམ་ཡིན། །

དངོས་བསྟན་རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ མགར་བྱ་མགར་བྱེད་མགརད་མགོརད་ཅིག །མངག་བྱ་མངག་བྱེད་མངགས་མངགས་ཤིག །མཆོང་བྱ་མཆོང་བྱེད་མཆོངས་མཆོངས་ཤིག །མཆོད་བྱ་མཆོད་བྱེད་མཆོད་མཆོད་ཅིག །མཇལ་བྱ་མཇལ་བྱེད་མཇལད་མཇོལད་ཅིག །མཉེ་བྱ་མཉེད་བྱེད་མཉེས་མཉེས་ཤིག །མཉེས་བྱ་མཉེད་བྱེད་མཉེས་མཉེས་ཤིག །མཐུད་བྱ་མཐུད་བྱེད་མཐུད་མཐུད་ཅིག །མཐོལ་བྱ་མཐོལ་བྱེད་མཐོལད་མཐོལད་ཅིག །མདུད་བྱ་མདུད་བྱེད་མདུད་མདུད་ཅིག །མཚན་བྱ་མཚོན་བྱེད་མཚནད་མཚོནད་ཅིག །མཚེར་བྱ་མཚེར་བྱེད་མཚེརད་མཚེརད་ཅིག །མཛད་བྱ་མཛད་བྱེད་མཛད་མཛོད་ཅིག །

དངོས་བསྟན་འདོགས་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ མཁྱུད་བྱ་མཁྱུད་བྱེད་མཁྱུད་མཁྱུད་ཅིག །མཁྱེན་བྱ་མཁྱེན་བྱེད་མཁྱེནད་པ་དང་། །ཞེས་པ་ལ་སོགས་དངོས་བསྟན་ཡིན། །

ཤུགས་བསྟན་རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ ཤུགས་བསྟན་ཡང་ནི་འདི་ལྟ་སྟེ། །བཀན་བྱ་བཀན་བྱེད་བཀནད་བཀནད་ཅིག །བཀུ་བྱ་བཀུ་བྱེད་བཀུས་བཀུས་ཤིག །བཀུར་བྱ་བཀུར་བྱེད་བཀུརད་བཀུརད་ཅིག །བཀོང་བྱ་བཀོང་བྱེད་བཀོང་བཀོང་ཞིག །བཀོལ་བྱ་བཀོལ་བྱེད་བཀོལད་ཁོལད་ཅིག །བགམ་བྱ་བགམ་བྱེད་བགམ་བགོམ་ཞིག །བགོ་བྱ་བགོ་བྱེད་བགོས་བགོས་ཤིག །འགམ་བྱ་འགམ་བྱེད་འགམས་འགོམས་ཤིག །འགེམ་བྱ་འགེམ་བྱེད་འགེམས་འགེམས་ཤིག །གཅར་བྱ་གཅར་བྱེད་གཅརད་གཅོརད་ཅིག །གཅི་བྱ་གཅི་བྱེད་གཅིས་གཅིས་ཤིག །གཅུ་བྱ་གཅུ་བྱེད་གཅུས་གཅུས་ཤིག །བཅེམ་བྱ་བཅེམ་བྱེད་བཅེམས་བཅེམས་ཤིག །འཆམ་བྱ་འཆམ་བྱེད་འཆམས་འཆོམས་ཤིག །འཆའ་བྱ་འཆའ་བྱེད་འཆོས་འཆོ་ཞིག །གཉག་བྱ་གཉོག་བྱེད་གཉགས་གཉོགས་ཤིག །གཏམ་བྱ་གཏམ་བྱེད་གཏམས་ཐོམས་ཤིག །གཏུག་བྱ་གཏུག་བྱེད་གཏུགས་གཏུགས་ཤིག །གཏོག་བྱ་གཏོག་བྱེད་གཏོགས་གཏོགས་ཤིག །འཐེན་བྱ་འཐེན་བྱེད་འཐེནད་འཐེནད་ཅིག །གདང་བྱ་གདང་བྱེད་གདངས་གདོངས་ཤིག །གདུ་བྱ་གདུ་བྱེད་གདུས་གདུས་ཤིག །གདེང་བྱ་གདེང་བྱེད་གདེངས་གདེངས་ཤིག །བདར་བྱ་བདར་བྱེད་བདརད་བདརད་ཅིག །བདུང་བྱ་བདུང་བྱེད་བདུངས་བདུངས་ཤིག །གནང་བྱ་གནང་བྱེད་གནང་གནོངས་ཤིག །དཔག་བྱ་དཔོག་བྱེད་དཔགས་དཔོགས་ཤིག །འཕང་བྱ་འཕེན་བྱེད་འཕངས་ཕོངས་ཤིག །དབུར་བྱ་དབུར་བྱེད་དབུརད་དབུརད་ཅིག །འབུང་བྱ་འབུང་བྱེད་འབུངས་འབུངས་ཤིག །དམིགས་བྱ་དམིགས་བྱེད་དམིགས་དམིགས་ཤིག །གཙག་བྱ་གཙག་བྱེད་གཙགས་གཙོགས་ཤིག །གཙུབ་བྱ་གཙུབ་བྱེད་གཙུབས་གཙུབས་ཤིག །གཙེ་བྱ་གཙེ་བྱེད་གཙེས་གཙེས་ཤིག །བཙའ་བྱ་བཙའ་བྱེད་བཙའ་བཙའ་ཞིག །འཚབ་བྱ་འཚབ་བྱེད་འཚབས་འཚོབས་ཤིག །འཚོ་བྱ་འཚོ་བྱེད་འཚོས་འཚོས་ཤིག །འཛིང་བྱ་འཛིང་བྱེད་འཛིངས་འཛིངས་ཤིག །འཛེག་བྱ་འཛེགས་བྱེད་འཛེགས་འཛེགས་ཤིག །གཞུ་བྱ་གཞུ་བྱེད་གཞུས་གཞུས་ཤིག །བཞུགས་བྱ་བཞུགས་བྱེད་བཞུགས་བཞུགས་ཤིག །བཞེངས་བྱ་བཞེངས་བྱེད་བཞེངས་བཞེངས་ཤིག །གཟའ་བྱ་གཟའ་བྱེད་གཟས་གཟས་ཤིག །གཟིགས་བྱ་གཟིགས་བྱེད་གཟིགས་གཟིགས་ཤིག །གཡོག་བྱ་གཡོག་བྱེད་གཡོགས་གཡོགས་ཤིག །གཡབ་བྱ་གཡོབ་བྱེད་གཡབས་གཡོབས་ཤིག །གཡར་བྱ་གཡོར་བྱེད་གཡརད་གཡོརད་ཅིག །གཤག་བྱ་གཤག་བྱེད་གཤགས་གཤོགས་ཤིག །གཤིབ་བྱ་གཤིབ་བྱེད་གཤིབས་གཤིབས་ཤིག །གསན་བྱ་གསོན་བྱེད་གསནད་གསོནད་ཅིག །གསིལ་བྱ་གསིལ་བྱེད་བསིལད་གསིལད་ཅིག །གསུང་བྱ་གསུང་བྱེད་གསུངས་གསུངས་ཤིག །བསུ་བྱ་བསུ་བྱེད་བསུས་བསུས་ཤིག །ཅེས་སོགས་རྐྱང་པར་འཇུག་པའི་དཔེ། །འདི་རིགས་ཧ་ཅང་མངས་ཆེ་བས། །གཅིག་ཤེས་ཀུན་གྲོལ་ཚུལ་ལ་བསླབ། །

ཤུགས་བསྟན་བརྩེགས་མ་ལ་འཇུག་པའི་དཔེ་བསྟན་པ།
༈ བསྐལ་བྱ་བསྐལ་བྱེད་བསྐལད་པ་དང་། །འོ་སོགས་བརྒྱལ་བྱ་བརྒྱལ་བྱེད་བརྒྱལད། །བསྔགས་བྱ་བསྔགས་བྱེད་བསྔགས་བསྔགས་ཤིག །དམན་པར་བརྙས་བྱ་བརྙས་བྱེད་བརྙས། །བསྟར་བྱ་བསྟར་བྱེད་བསྟརད་བསྟརད་ཅིག །བསྟོད་བྱ་བསྟོད་བྱེ་བསྟོད་བསྟོད་ཅིག །བརྩེ་བྱ་བརྩེ་བྱེད་བརྩེ་བརྩེ་ཞིག །བརྩོན་བྱ་བརྩོན་བྱེད་བརྩོནད་བརྩོནད་ཅིག །ཅེས་སོགས་བརྩེགས་མར་འཇུག་པ་ཉུང་། །

ཤུགས་བསྟན་འདོགས་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ དཀྱུ་བྱ་དཀྱུ་བྱེད་དཀྱུས་དཀྱུས་ཤིག །དཀྲི་བྱ་དཀྲི་བྱེད་དཀྲིས་དཀྲིས་ཤིག །དཀྲོལ་བྱ་དཀྲོལ་བྱེད་དཀྲོལད་དཀྲོལད་ཅིག །བཀྱོན་བྱ་བཀྱོན་བྱེད་བཀྱོནད་བཀྱོནད་ཅིག །བཀྲབ་བྱ་བཀྲབ་བྱེད་བཀྲབས་བཀྲབས་ཤིག །བཀྲི་བྱ་བཀྲི་བྱེད་བཀྲིས་བཀྲིས་ཤིག །འཁྱུད་བྱ་འཁྱུད་བྱེད་འཁྱུད་འཁྱུད་ཅིག །འཁྲབ་བྱ་འཁྲབ་བྱེད་འཁྲབས་འཁྲབ་ཅིག །འཁྲིག་བྱ་འཁྲིག་བྱེད་འཁྲིག་འཁྲིག་ཅིག །བགྱི་བྱ་བགྱིད་བྱེད་བགྱིས་གྱིས་ཤིག །བགྲད་བྱ་བགྲད་བྱེད་བགྲད་བགྲད་ཅིག །བགྲུང་བྱ་བགྲུང་བྱེད་བགྲུངས་བགྲུངས་ཤིག །བགྲོད་བྱ་བགྲོད་བྱེད་བགྲོད་བགྲོད་ཅིག །བགྲོ་བྱ་བགྲོ་བྱེད་བགྲོས་བགྲོས་ཤིག །འགྲིམ་བྱ་འགྲིམ་བྱེད་འགྲིམས་འགྲིམས་ཤིག །འདྲད་བྱ་འདྲད་བྱེད་འདྲད་འདྲེད་ཅིག །དཔྱང་བྱ་དཔྱང་བྱེད་དཔྱངས་དཔྱོངས་ཤིག །དཔྱ་བྱ་དཔྱ་བྱེད་དཔྱས་དཔྱོས་ཤིག །འཕྱ་བྱ་འཕྱ་བྱེད་འཕྱས་འཕྱོས་ཤིག །དབྱུག་བྱ་དབྱུག་བྱེད་དབྱུགས་དབྱུགས་ཤིག །འབྱོག་བྱ་འབྱོག་བྱེད་འབྱོགས་འབྱོགས་ཤིག །འབྱོང་བྱ་འབྱོང་བྱེད་འབྱངས་འབྱོངས་ཤིག །ཅེས་སོགས་འདོགས་ལ་འཇུག་དཔེའོ། །

དུས་གསུམ་ཁྱབ་མཉམ་ཞེས་པའི་རྒྱུ་མཚན་བསྟན་པ།
༈ འཕུལ་བྱེད་གང་ཡང་རུང་བས་ཀྱང་། །བདག་གཞན་དང་ནི་དུས་གསུམ་པོ། །ཀུན་ལ་མཉམ་པར་འཇུག་པ་ལ། །དུས་གསུམ་ཁྱབ་མཉམ་ཞེས་སུ་གྲགས། །

དུས་གསུམ་ཆ་འདྲའི་རྣམ་གཞག་བཞི་པོ་ལས། དང་པོ་དུས་གསུམ་སྤྱིའི་ཆ་འདྲ་བསྟན་པ།
༈ ལྔ་པ་ཆ་འདྲ་ལ་ཡང་བཞི། །དང་པོ་སྤྱི་ཡི་ཆ་འདྲ་ནི། །མིང་གཞི་རྐྱང་འདོགས་གཉིས་ཀ་ལ། །བྱ་འདས་མ་ནིང་བྱེད་པར་མོ། །སྐུལ་ཚིག་འཕུལ་བྱེད་ངེས་མེད་དཔེར། །

རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ གདམ་བྱ་འདོམས་བྱེད་གདམས་འདོམས་ཤིག །གཏིབ་བྱ་འཐིབ་བྱེད་གཏིབས་ཐིབས་ཤིག །གཏུམ་བྱ་འཐུམ་བྱེད་གཏུམས་ཐུམས་ཤིག །གཏོར་བྱ་འཐོར་བྱེད་གཏོརད་གཏོརད་ཅིག །གཟག་བྱ་འཛག་བྱེད་གཟགས་གཟགས་ཤིག །གཟེམ་བྱ་འཛེམ་བྱེད་གཟེམས་འཛེམས་ཤིག །གསོ་བྱ་འཚོ་བྱེད་གསོས་སོས་ཤིག །

འདོགས་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ དཀྲོལ་བྱ་འཁྲོལ་བྱེད་དཀྲོལད་ཁྲོལད་ཅིག །ཅེས་པ་ཙམ་ལས་རྙེད་པར་དཀའ། །

གཉིས་པ་དུས་གསུམ་བྱེ་བྲག་གི་ཆ་འདྲ་བསྟན་པ།
༈ གཉིས་པ་བྱེ་བྲག་ཆ་འདྲ་ནི། །མིང་གཞི་རྐྱང་པ་ཁོ་ན་ལ། །བྱ་འདས་སྔོན་འཇུག་ཕོས་འཕུལ་ཞིང་། །བྱེད་པར་མ་ནིང་འཇུག་པ་དང་། །སྐུལ་ཚིག་ཕལ་ཆེར་གས་འཕུལ་ཅན། །འདི་ནི་མཁས་པའི་ཞལ་རྒྱུན་དང་། །མ་མཐུན་ན་ཡང་དགོས་ཡོད་དཔེར། །

རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ བཅོམ་བྱ་གཅོམ་བྱེད་བཅོམས་ཆོམས་ཤིག །བཏིག་བྱ་གཏིག་བྱེད་བཏིག་གཏིགས་ཤིག །བདལ་བྱ་གདལ་བྱེད་བདལད་གདོལད་ཅིག །བཞུར་བྱ་གཞུར་བྱེད་བཞུརད་གཞུརད་ཅིག །བཟབ་བྱ་གཟབ་བྱེད་བཟབས་གཟོམས་ཤིག །བཤར་བྱ་གཤོར་བྱེད་བཤརད་གཤོརད་ཅིག །བཤང་བྱ་གཤོང་བྱེད་བཤངས་གཤོངས་ཤིག །བཤིབ་བྱ་གཤིབ་བྱེད་བཤིབས་གཤིབས་ཤིག །བཤུ་བྱ་གཤུ་བྱེད་བཤུས་གཤུས་ཤིག །བཤུར་བྱ་གཤུར་བྱེད་བཤུརད་གཤུརད་ཅིག །བཤོར་བྱ་གཤོར་བྱེད་བཤོརད་གཤོརད་ཅིག །བསབ་བྱ་གསབ་བྱེད་བསབས་སོབས་ཤིག །བསར་བྱ་གསར་བྱེད་བསརད་གསོརད་ཅིག །བསིག་བྱ་གསིག་བྱེད་བསིགས་སིགས་ཤིག །བསིང་བྱ་གསིང་བྱེད་བསིངས་གསིངས་ཤིག །བསིར་བྱ་གསིར་བྱེད་བསིརད་གསིརད་ཅིག །བསིལ་བྱ་གསིལ་བྱེད་བསིལད་གསིལད་ཅིག །བསག་བྱ་གསོག་བྱེད་བསགས་སོག་ཅིག །བསོག་བྱ་གསོག་བྱེད་བསོགས་གསོགས་ཤིག །བསོར་བྱ་གསོ་བྱེད་བསོརད་གསོརད་ཅིག །ཅེས་པ་སོགས་ཀྱིས་ལེགས་པར་མཚོན།།

གསུམ་པ་དུས་གསུམ་འཐོར་བུའི་ཆ་འདྲ་བསྟན་པ།
༈ དུས་གསུམ་འཐོར་བུའི་ཆ་འདྲ་ནི། །མིང་གཞི་རྐྱང་འདོགས་གཉིས་པོ་ལ། །བྱ་འདས་སྐུལ་ཚིག་འཕུལ་མེད་ཅིང་། །བྱེད་པར་སྔོན་འཇུག་མོས་འཕུལ་དཔེར། །

རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ དོང་བྱ་འདོང་བྱེད་དོང་དེངས་ཤིག །དོར་བྱ་འདོར་བྱེད་དོརད་དོརད་ཅིག །བོད་བྱ་འབོད་བྱེད་བོས་བོས་ཤིག །སྒོར་སོགས་བོར་བྱ་འབོར་བྱེད་བོརད།།

འདོགས་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ དྲ་བྱ་འདྲ་བྱེད་དྲས་དྲོས་ཤིག །དྲལ་བྱ་འདྲལ་བྱེད་དྲལད་དྲོལད་ཅིག །དྲི་བྱ་འདྲི་བྱེད་དྲིས་དྲིས་ཤིག །དྲིལ་བྱ་འདྲིལ་བྱེད་དྲིལད་དྲིལད་ཅིག །དྲང་བྱ་འདྲེན་བྱེད་དྲངས་དྲོངས་ཤིག །དྲུབ་བྱ་འདྲུབ་བྱེད་དྲུབས་དྲུབས་ཤིག །ཕྱག་བྱ་འཕྱག་བྱེད་ཕྱགས་ཕྱོགས་ཤིག །ཕྱར་བྱ་འཕྱར་བྱེད་ཕྱརད་ཕྱོརད་ཅིག །བྱུག་བྱ་འབྱུག་བྱེད་བྱུགས་བྱུགས་ཤིག །གཞན་དུ་བྱོལ་བྱ་འབྱོལ་བྱེད་བྱོལད། །བྲན་བྱ་འབྲན་བྱེད་བྲནད་བྲོནད་ཅིག །བྲབ་བྱ་འབྲབ་བྱེད་བྲབས་བྲོབས་ཤིག །བྲི་བྱ་འབྲི་བྱེད་བྲིས་བྲིས་ཤིག །བྲིད་བྱ་འབྲིད་བྱེད་བྲིད་བྲིད་ཅིག །བྲིམ་བྱ་འབྲིམ་བྱེད་བྲིམས་བྲིམས་ཤིག །བྲུ་བྱ་འབྲུ་བྱེད་བྲུས་བྲུས་ཤིག །བྲུབ་བྱ་འབྲུབ་བྱེད་བྲུབས་བྲུབས་ཤིག །བྲེག་བྱ་འབྲེག་བྱེད་བྲེགས་བྲེགས་ཤིག །ཅེས་པས་ལེགས་པར་མཚོན་ནུས་སོ། །

བཞི་པ་དུས་གསུམ་ཁྱབ་མཉམ་གྱི་ཆ་འདྲ་བསྟན་པ།
༈ བཞི་པ་ཁྱབ་མཉམ་ཆ་འདྲ་ནི། །མིང་གཞི་རྐྱང་བརྩེགས་འདོགས་གསུམ་གར། །བྱ་བྱེད་འཕུལ་བྱེད་མིང་གཞི་གཅིག །འདས་པ་དག་ལ་འཕུལ་བྱེད་སྤོངས། །དུས་གསུམ་མིང་གཞི་མ་གྱུར་ན། །སྔོན་འཇུག་མེད་ཀྱང་ཁྱབ་མཉམ་གྱི། །ཆ་འདྲ་ཡིན་ཏེ་རིམ་བཞིན་དཔེར། །

འཕུལ་ཅན་རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ འཁུར་བྱ་འཁུར་བྱེད་ཁུརད་ཁུརད་ཅིག །ཉི་ཟླ་འཆར་བྱ་འཆར་བྱེད་ཤར། །སྲོག་ཆགས་འཆི་བྱ་འཆི་བྱེད་ཤི །འཕུར་བྱ་འཕུར་བྱེད་ཕུརད་ཕུརད་ཅིག །འཚབ་བྱ་འཚབ་བྱེད་ཚབ་ཚོབས་ཤིག །

འདོགས་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ འཁྱེར་བྱ་འཁྱེར་བྱེད་ཁྱེརད་ཁྱེརད་ཅིག །འཁྲིད་བྱ་འཁྲིད་བྱེད་ཁྲིད་ཁྲིད་ཅིག །རང་བཞིན་འགྲིབ་བྱ་འགྲིབ་བྱེད་གྲིབ། །སྔ་ཕྱི་འགྱུར་བྱ་འགྱུར་བྱེད་གྱུརད། །ཆུ་སོགས་འབྱུང་བྱ་འབྱུང་བྱེད་བྱུང་། །འབྲིད་བྱ་འབྲིད་བྱེད་བྲིད་བྲིད་ཅིག །ལྟ་བུ་བྱ་བྱེད་འཕུལ་ཡིག་དང་། །མིང་གཞི་གཅིག་པའི་དཔེར་བརྗོད་ཡིན། །

འཕུལ་མེད་རྐྱང་པ་ལ་འཇུག་པའི་དཔེ་བསྟན་པ།
༈ ཀེར་བྱ་ཀེར་བྱེད་ཀེརད་ཀེརད་ཅིག །ཁེབས་བྱ་ཁེབས་བྱེད་ཁེབས་ཁེབས་ཤིག །གབ་བྱ་གབ་བྱེད་གབ་གོབ་ཅིག །ངོམ་བྱ་ངོམ་བྱེད་ངོམ་ངོམ་ཞིག །ནུ་བྱ་ནུ་བྱེད་ནུས་ནུས་ཤིག །ཕེབས་བྱ་ཕེབས་བྱེད་ཕེབས་ཕེབས་ཤིག །མིད་བྱ་མིད་བྱེད་མིད་མིད་ཅིག །ཚད་བྱ་ཚད་བྱེད་ཚད་ཚད་ཅིག །ཞུ་བྱ་ཞུ་བྱེད་ཞུས་ཞུས་ཤིག །རོལ་བྱ་རོལ་བྱེད་རོལད་རོལད་ཅིག །འདི་དག་མིང་གཞི་རྐྱང་པ་ལ། །འཕུལ་བྱེད་མེད་ཀྱང་དུས་གསུམ་པོ། །མིང་གཞི་གཅིག་པའི་དཔེར་བརྗོད་ཡིན། །སྐུལ་ཚིག་མེད་པར་ཤིན་ཏུ་མང་། །

མགོ་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ སྤང་བྱ་སྤོང་བྱེད་སྤངས་སྤོངས་ཤིག །སྤར་བྱ་སྤོར་བྱེད་སྤརད་སྤོརད་ཅིག །སྤུང་བྱ་སྤུང་བྱེད་སྤུངས་སྤུངས་ཤིག །སྤེལ་བྱ་སྤེལ་བྱེད་སྤེལད་སྤེལད་ཅིག །སྤོ་བྱ་སྤོ་བྱེད་སྤོས་སྤོས་ཤིག །ལྟ་བུ་མགོ་ཅན་དཔེར་བརྗོད་མང་། །

འཕུལ་མེད་འདོགས་ཅན་ལ་འཇུག་པའི་དཔེ་བསྟན་པ།
༈ ཀླན་བྱ་ཀླན་བྱེད་ཀླནད་ཀླནད་ཅིག །ཁྲོ་བྱ་ཁྲོ་བྱེད་ཁྲོས་ཁྲོས་ཤིག །གྱོན་བྱ་གྱོན་བྱེད་གྱོནད་གྱོནད་ཅིག །གྱེར་བྱ་གྱེར་བྱེད་གྱེརད་གྱེརད་ཅིག །གྲོན་བྱ་གྲོན་བྱེད་གྲོནད་གྲོནད་ཅིག །གློན་བྱ་གློན་བྱེད་གློནད་གློནད་ཅིག །གླེང་བྱ་གླེང་བྱེད་གླེངས་གླེངས་ཤིག །གླེབ་བྱ་གླེབ་བྱེད་གླེབས་གླེབས་ཤིག །གློང་བྱ་གློང་བྱེད་གློངས་གློངས་ཤིག །དྲན་བྱ་དྲན་བྱེད་དྲནད་དྲོནད་ཅིག །ཕྲས་བྱ་ཕྲས་བྱེད་ཕྲས་ཕྲས་ཤིག །བྱབ་བྱ་བྱབ་བྱེད་བྱབས་བྱོབས་ཤིག །བྲེ་བྱ་བྲེ་བྱེད་བྲེས་བྲེས་ཤིག །བླད་བྱ་བླད་བྱེད་བླད་བློད་ཅིག །བླས་བྱ་བླས་བྱེད་བླས་བླས་ཤིག །བླུད་བྱ་བླུད་བྱེད་བླུད་བླུད་ཅིག །བླུ་བྱ་བླུ་བྱེད་བླུས་བླུས་ཤིག །བླག་བྱ་བླག་བྱེད་བླགས་བློགས་ཤིག །ཅེས་སོགས་འཕུལ་མེད་འདོགས་ཅན་དཔེ། །

བརྩེགས་མ་ལ་འཇུག་པའི་དཔེ་བསྟན་པ།
༈ རང་ཉིད་སྐྱེངས་བྱ་སྐྱེངས་བྱེད་སྐྱེངས། །ཐག་རིང་སྐྱོང་བྱ་སྐྱོང་བྱེད་སྐྱོང་། །འཁོར་བ་སྐྱོ་བྱ་སྐྱོ་བྱེད་སྐྱོ། །སྡིག་ལ་སྐྲག་བྱ་སྐྲག་བྱེད་སྐྲག །ལུས་སོགས་སྐྲང་བྱ་སྐྲང་བྱེད་སྐྲང་། །སྤྱང་བྱ་སྤྱང་བྱེད་སྤྱངས་སྤྱོང་ཞིག །སྤྱད་བྱ་སྤྱོད་བྱེད་སྤྱད་སྤྱོད་ཅིག །སྤྱོད་བྱ་སྤྱོ་བྱེད་སྤྱོས་སྤྱོས་ཤིག །སྤྲད་བྱ་སྤྲོད་བྱེད་སྤྲད་སྤྲོད་ཅིག །སྤྲ་བྱ་སྤྲ་བྱེད་སྤྲས་སྤྲས་ཤིག །སྤྲིང་བྱ་སྤྲིང་བྱེད་སྤྲིངས་སྤྲིངས་ཤིག །སྤྲོ་བྱ་སྤྲོ་བྱེད་སྤྲོས་སྤྲོས་ཤིག །ཅེས་སོགས་བརྩེགས་འདོགས་གཉིས་ཀའི་དཔེ། །འདི་རིགས་ཧ་ཅང་མང་བའི་ཕྱིར། །མ་བརྗོད་རྗེས་སུ་དཔག་པར་བྱ། །

དུས་གསུམ་ཆ་འདྲ་ཞེས་པའི་རྒྱུ་མཚན་བསྟན་པ།
༈ དེ་དག་ཆ་འདྲར་བཏགས་པའི་དོན། །སྤྱི་སོགས་དེ་དག་དངོས་མིན་ཀྱང་། །དེ་དང་དེ་ལ་ཉེ་བའི་ཕྱིར། །དེ་དང་དེ་ཡི་ཆ་འདྲར་གྲགས།། །།

མཇུག་བསྔོ་སྨོན་དང་མཛད་བྱང་བསྟན་པ།
༈ འདི་ལ་ནོངས་པའི་ཆ་མཆིས་ན། །ཚེ་རབས་སྡིག་དང་བཅས་ཏེ་འཆགས། །དེ་དགེ་དྲི་མེད་འོད་དཀར་དེས། །ཀུན་ཀྱང་འཇམ་དཔལ་མཆོག་འཐོབ་ཤོག །དེ་སྐད་ལྷོ་ཕྱོགས་མ་ལ་ཡ། །སྔ་འགྱུར་མཐོ་སློབ་བཤད་གྲྭ་ནས། །རྨོངས་རྟུལ་ངག་དབང་བསྟན་འཛིན་པས། །རང་ཉིད་བརྡ་དག་གོམས་ཕྱིར་བྲིས། །སླར་ཡང་སྨན་ལྗོངས་དབྱར་རྔའི་ཡུལ། །ལྷོ་བྲག་མཁར་ཆུའི་བཤད་པའི་གྲྭར། །དགེ་རྒན་སྲི་ཞུ་ལྷུར་ལེན་སྐབས། །འཕྲི་སྣོན་བགྱིས་ཏེ་གཙང་དག་སྤེལ།། །།དགེའོ། །དགེའོ། །དགེའོ།། །།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...