Monday, December 26, 2022

རྟགས་འཇུག་དཀའ་གནད་དུས་གསུམ་སྡོམ་ཚིག་གསལ་བའི་མེ་ལོང་བསྡུས་པ་བཞུགས་སོ།།

༄༅། །རྟགས་འཇུག་དཀའ་གནད་དུས་གསུམ་སྡོམ་ཚིག་གསལ་བའི་མེ་ལོང་བསྡུས་པ།

མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅས་པ།
ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་ཀུན་མཁྱེན་རབ་འདུས་པའི་དཔྱིད། །བརྟན་པའི་འཁོར་ལོར་ཕྱག་འཚལ་ནས། །རྟགས་འཇུག་དཀའ་གནད་གསལ་འཆར་བའི། །དུས་གསུམ་སྡོམ་ཚིག་མེ་ལོང་སྦྱིན། །གངས་ཅན་མིག་གཅིག་སམྦྷོ་ཊའི། །ཐུགས་མཚོ་ལས་བྱུང་རྟགས་འཇུག་གི །ཅི་ཕྱིར་འཇུག་བསྟན་ཚིགས་བཅད་ཀྱིས། །བསྟན་དོན་དུས་གསུམ་སྤྱི་དང་ནི། །བྱེ་བྲག་འཐོར་བུ་ཆ་མཉམ་དང་། །ཆ་འདྲ་ལྔ་ལས་དང་པོ་ནི། །

དང་པོ། དུས་གསུམ་སྤྱི་བསྟན་པ།
༈ ཕོ་ནི་འདས་དང་ཞེས་པ་དང་། །མ་ནིང་གཉིས་ཀ་མོ་ནི་བདག །ཅེས་པའི་གཞུང་གིས་དངོས་སུ་བསྟན། །འཇུག་ཡུལ་མིང་གཞི་རྐྱང་འདོགས་ལ། ། ༈ སྤྱི་ནི་བྱ་ཚིག་མ་ནིང་དང་། །བྱེད་པར་མོས་འཕུལ་མིང་གཞི་ནི། །ཅ་ཏ་ཞ་ཤ་ས་ལྔ་ལ། །བརྗོད་བདེའི་དབང་གིས་ག་ཡིག་འཇུག །པ་སྡེ་ལས་གཞན་འདས་པར་ཕོ། །སྒྲ་གདངས་འགྱུར་བ་ཡིན་ཏེ་དཔེར། །དགག་བྱ་འགོག་བྱེད་བཀག་ཁོགས་ཤིག །དབྱེ་བྱ་འབྱེད་བྱེད་ཕྱེ་ཕྱེས་ཤིག །གཅག་བྱ་གཅོག་བྱད་བཅག་ཆོགས་ཤིག །ཅེས་པས་མཚོན་ཏེ་ཤེས་པར་བྱ། །དེ་ལྟར་དུས་གསུམ་གཅིག་ལ་ཡང་། །འཕུལ་བྱེད་ཕོ་མོ་མ་ནིང་གསུམ། །ཚང་བའི་ཚུལ་གྱིས་འཇུག་པ་ལ། །དུས་གསུམ་སྤྱི་ཞེས་གྲགས་པ་ཡིན། །

གཉིས་པ། དུས་གསུམ་བྱེ་བྲག་བསྟན་པ།
༈ གཉིས་པ་དུས་གསུམ་བྱེ་བྲག་ནི། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་རྐང་པས་དངོས་སུ་བསྟན། །མིང་གཞི་ཞ་ཤར་རྐྱང་པ་དང་། །ཟ་ས་དག་ལ་རྐྱང་འདོགས་གཉིས། །དེ་ལས་གཞན་པ་བརྩེགས་འདོགས་ངེས། །བྱེ་བྲག་བྱ་འདས་ཕོས་འཕུལ་ཞིང་། །བྱེད་པར་འཕུལ་དང་ཡང་འཇུག་མེད། །མ་འོངས་ཡང་འཇུག་མེད་པ་དང་། །འདས་སྐུལ་གཉིས་ལ་དགོས་པ་ཡིན། །སྐབས་འགར་འདས་དང་སྐུལ་ཚིག་ལ། །ས་རྐྱང་སྦྱར་པས་འཐུས་པ་དང་། །བྱ་འདས་བྱེད་སྐུལ་འདྲ་བའང་ཡོད། །སྒྲ་གདངས་མ་ངེས་མིང་གཞི་གཅིག །བཀླག་བྱ་ཀློག་བྱེད་བཀླགས་ཀློགས་ཤིག །བརྐོ་བྱ་རྐོ་བྱེད་བརྐོས་རྐོས་ཤིག །བསྐྱེད་བྱ་སྐྱེད་བྱེད་བསྐྱེད་སྐྱེད་ཅིག །བཤམ་བྱ་ཤོམ་བྱེད་བཤམས་ཤོམས་ཤིག །བསུབ་བྱ་སུབ་བྱེད་བསུབས་སུབས་ཤིག །ཅེས་པ་ལྟ་བུས་མཚོན་པར་བྱ། །དེ་ལྟར་སྡེ་ཚན་གཅིག་གི་ནང་། །འཕུལ་བྱེད་བྱེ་བྲག་ཕོ་གཅིག་པུ། །མ་གཏོགས་འཇུག་པ་མེད་པ་ལ། །མཁས་པས་དུས་གསུམ་བྱེ་བྲག་བཏགས། །

གསུམ་པ། དུས་གསུམ་འཐོར་བུ་བསྟན་པ།
༈ གསུམ་པ་འཐོར་བུ་བསྟན་ཚུལ་ནི། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མོ་ནི་བདག་ད་ཞེས་པས་བསྟན། །མིང་གཞི་རྐྱང་འདོགས་གཉིས་སུ་ངེས། །འཐོར་བུ་བྱ་འདས་སྔོན་འཇུག་ཕོས། །འཕུལ་ཞིང་བྱེད་པར་མོ་ཡིག་དང་། །མ་འོངས་ཡང་འཇུག་མེད་པར་ངེས། །ད་ལྟར་ཡང་འཇུག་སྲིད་པ་ཙམ། །སྐུལ་ཚིག་སྔོན་འཇུག་ཀྱང་དེ་བཞིན། །བཀྱིག་བྱ་འཁྱིགས་བྱེད་བཀྱིགས་ཁྱིགས་ཤིག །བཀྲི་བྱ་འཁྲིད་བྱེད་བཀྲིས་ཁྲིད་ཅིག །བཙོང་བྱ་འཚོང་བྱེད་བཙོངས་ཚོངས་ཤིག །བཅིང་བྱ་འཆིང་བྱེད་བཅིངས་ཆིངས་ཤིག །ཅེས་པ་ལྟ་བུས་རྒྱ་ཆེར་སྤྲོ། །སྔོན་འཇུག་ཕོ་མོ་མ་ནིང་ལས། །སྤྱི་བྱེ་ཕྱོགས་སུ་མ་ལྷུང་བར། །ཕོ་མོ་གཉིས་འཇུག་སྡེ་ཚན་ལ། །འཐོར་བུ་ཞེས་སུ་མཁས་པ་གསུངས། །

བཞི་པ། དུས་གསུམ་ཁྱབ་མཉམ་བསྟན་པ།
༈ བཞི་པ་ཁྱབ་མཉམ་བསྟན་ཚུལ་ནི། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་རྐང་པས་ཤིན་ཏུ་མོ། །དངོས་བསྟན་གཞན་རྣམས་ཤུགས་བསྟན་ཡིན། །མིང་གཞི་རྐྱང་བརྩེགས་འདོགས་གསུམ་ཡོད། །དུས་གསུམ་ག་ལ་འཕུལ་བྱེད་དང་། །མིང་གཞི་གཅིག་ན་ཡང་རྗེས་དང་། །དབྱངས་མ་མཐུན་ཡང་ཁྱབ་མཉམ་ཡིན། །དཀྱུ་བྱ་དཀྱུ་བྱེད་དཀྱུས་དཀྱུས་ཤིག །མཆོད་བྱ་མཆོད་བྱེད་མཆོད་མཆོད་ཅིག །མཆོང་བྱ་མཆོང་བྱེད་མཆོངས་མཆོངས་ཤིག །མཉེ་བྱ་མཉེད་བྱེད་མཉེས་མཉེས་ཤིག །བཞུགས་བྱ་བཞུགས་བྱེད་བཞུགས་བཞུགས་ཤིག །དཔྱད་བྱད་དཔྱོད་བྱེད་དཔྱད་དཔྱོད་ཅིག །གཡབ་བྱ་གཡོབ་བྱེད་གཡབས་གཡོབས་ཤིག །ཅེས་སོགས་བསྒྲེས་ཏེ་སྤྲོ་བར་བྱ། །འཕུལ་བྱེད་གང་ཡང་རུང་བས་ཀྱང་། །བདག་གཞན་དང་ནི་དུས་གསུམ་པོ། །ཀུན་ལ་མཉམ་པར་འཇུག་པ་ལ། །དུས་གསུམ་ཁྱབ་མཉམ་ཞེས་སུ་གྲགས། །

ལྔ་པ། དུས་གསུམ་ཆ་འདྲ་བ་བཞི་པོའི་རྣམ་གཞག་བསྟན་པ་ལས། དང་པོ། སྤྱི་དང་ཆ་འདྲ་བ།
༈ ལྔ་པ་ཆ་འདྲ་ལ་ཡང་བཞི། །དང་པོ་སྤྱི་དང་ཆ་འདྲ་ནི། །མིང་གཞི་རྐྱང་འདོགས་གཉིས་ཀ་ལ། །བྱ་འདས་མ་ནིང་བྱེད་པར་མོ། །སྐུལ་ཚིག་འཕུལ་བྱེད་ངེས་མེད་དཔེར། །གསོ་བྱ་འཚོ་བྱེད་གསོས་སོས་ཤིག །དཀྲོལ་བྱ་འཁྲོལ་བྱེད་དཀྲོལད་ཁྲོལད་ཅིག །ཅེས་པ་སོགས་ཀྱིས་རིགས་བསྒྲེ་བྱ། །

གཉིས་པ། བྱེ་བྲག་དང་ཆ་འདྲ་བ།
༈ གཉིས་པ་བྱེ་བྲག་ཆ་འདྲ་ནི། །མིང་གཞི་རྐྱང་པ་ཁོ་ན་ལ། །བྱ་འདས་སྔོན་འཇུག་ཕོས་འཕུལ་ཞིང་། །བྱེད་པར་མ་ནིང་འཇུག་པ་དང་། །སྐུལ་ཚིག་ཕལ་ཆེར་གས་འཕུལ་ཅན། །འདི་ནི་མཁས་པའི་ཞལ་རྒྱུན་དང་། །མ་མཐུན་ན་ཡང་དགོས་ཡོད་དཔེར། །བཅོམ་བྱ་གཅོམ་བྱེད་བཅོམ་ཆོམས་ཤིག །བཏིག་བྱ་གཏིག་བྱེད་བཏིག་གཏིགས་ཤིག །ཅེས་སོགས་རིག་པའི་འཕྲུལ་གྱིས་དབྱེ། །

གསུམ་པ། འཐོར་བུ་དང་ཆ་འདྲ་བ།
༈ གསུམ་པ་འཐོར་བུའི་ཆ་འདྲ་ནི། །མིང་གཞི་རྐྱང་འདོགས་གཉིས་པོ་ལ། །བྱ་འདས་སྐུལ་ཙིག་འཕུལ་མེད་ཅིང་། །བྱེད་པར་སྔོན་འཇུག་མོས་འཕུལ་དཔེར། །དོར་བྱ་འདོར་བྱེད་དོརད་དོརད་ཅིག །དྲི་བྱ་འདྲི་བྱེད་དྲིས་དྲིས་ཤིག །ཕྱག་བྱ་འཕྱག་བྱེད་ཕྱགས་ཕྱོགས་ཤིག །བྲིམ་བྱ་འབྲིམ་བྱེད་བྲིམས་བྲིམས་ཤིག །བྲེག་བྱ་འབྲེག་བྱེད་བྲེགས་བྲེགས་ཤིག །ཅེས་སོགས་རྣམ་དཔྱོད་སྟོབས་ཀྱིས་སྤྲོ། །

བཞི་པ། ཁྱབ་མཉམ་དང་ཆ་འདྲ་བ།
༈ བཞི་པ་ཁྱབ་མཉམ་ཆ་འདྲ་ནི། །མིང་གཞིར་རྐྱང་བརྩེགས་འདོགས་གསུམ་གང་། །བྱ་བྱེད་འཕུལ་བྱེད་མིང་གཞི་གཅིག །འདས་པ་དག་ལ་འཕུལ་བྱེད་སྤོངས། །དུས་གསུམ་མིང་གཞི་མ་གྱུར་ན། །སྔོན་འཇུག་མེད་ཀྱང་ཁྱབ་མཉམ་གྱི། །ཆ་འདྲ་ཡིན་ཏེ་རིམ་བཞིན་དཔེར། །འཁུར་བྱ་འཁུར་བྱེད་ཁུརད་ཁུརད་ཅིག །འགྲིབ་བྱ་འགྲིབ་བྱེད་གྲིབ་པ་དང་། །སྦྱང་བྱ་སྦྱོང་བྱེད་སྤྱངས་སྦྱོངས་ཤིག །ཅེས་སོགས་རྣམ་གྲངས་ཤིན་ཏུ་མང་། །དེ་དག་ཆ་འདྲར་བཏགས་པའི་དོན། །སྤྱི་སོགས་དེ་དག་དངོས་མིན་ཀྱང་། །དེ་དང་དེ་ལ་ཉེ་བའི་ཕྱིར། །དེ་དང་དེ་ཡི་ཆ་འདྲར་བཏགས། །

མཇུག་བསྔོ་སྨོན་དང་མཛད་བྱང་བསྟན་པ།
༈ འདི་ལ་ནོངས་པའི་ཆ་མཆིས་ན། །ཚེ་རབས་སྡིག་དང་བཅས་ཏེ་འཆགས། །དེ་དགེ་དྲི་མེད་འོད་དཀར་དེས། །ཀུན་ཀྱང་འཇམ་དཔལ་མཆོག་འཐོབ་ཤོག །དེ་སྐད་ལྷོ་ཕྱོགས་མ་ལ་ཡ། །སྔ་འགྱུར་མཐོ་སློབ་བཤད་གྲྭ་ནས། །རྨོངས་རྟུལ་ངག་དབང་བསྟན་འཛིན་པས། །རང་ཉིད་བརྡ་དག་གོམས་ཕྱིར་བྲིས། །སླར་ཡང་སྨན་ལྗོངས་དབྱར་རྔའི་ཡུལ། །ལྷོ་བྲག་མཁར་ཆུའི་བཤད་པའི་གྲྭར། །དགེ་རྒན་སྲི་ཞུ་ལྷུར་ལེན་སྐབས། །འཕྲི་སྣོན་བགྱིས་ཏེ་གཙང་དག་སྤེལ།། །།དགེའོ། །དགེའོ། །དགེའོ།། །།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...