Thursday, September 8, 2011

ལས་དབང་གི་འཁོར་འགྲོས་དང་བག་མེད་ལ་ཡོགས་ཀྱི་གནོང་འགྱོད།

༄༅། །ན་མོ་གུ་རུ། སྐྱེ་མེད་ཆོས་སྐུའི་ལྷ་ལམ་མཐའ་མེད་ཀློང་ནས།།
འགགས་མེད་ལོངས་སྐུའི་དཀྱིལ་འཁོར་ཀུན་ནས་རྫོགས་ཤིང་།།
ཚད་མེད་ཐུགས་རྗེའི་ཟེར་གྱི་སྣང་བ་དམ་པས།།
རིས་མེད་འགྲོ་ཁམས་སྐྱོང་ལ་མངའ་དབང་འབྱོར་ཡང་།།
གདུལ་བྱའི་ལས་དབང་གོ་ལའི་འཁོར་འགྲོས་ཤིག་གིས།།
རེ་ཞིག་ཚུར་མཐོང་སྣང་བའི་གླིང་ཕྱོགས་འདི་ན།།
མཛད་པའི་འོད་སྣང་བསྡུས་པའི་ཐ་སྙད་གྲུབ་པས།།
ཡོད་ཚད་ཁྱེད་ལ་རེ་བའི་སྐྱེ་འགྲོའི་ངོ་རུ།།
མྱ་ངན་མུན་ནག་ཞིག་གིས་ས་སྟེང་ཁྱབ་པའི།།
ཟློག་མེད་རྟེན་འབྲེལ་འདི་ལ་བཅོས་ཐབས་མི་འདུག།
འོན་ཀྱང་མི་རིང་ལས་ངན་འབྱུང་པོའི་ཚོགས་ཀྱི།།
ཐུན་མིན་ལོག་སྨོན་གྲུབ་པའི་འབྲས་བུ་ཟད་ན།།
སླར་ཡང་བརྩེ་ཆེན་འོད་ཀྱིས་དཀར་པོའི་ཕྱོགས་སུ།།
ཕན་བདེའི་སྣང་བ་དམ་པས་ཁྱབ་ཐེངས་ཤིག་ལ།།
དགེ་བཅུའི་དཔལ་ཡོན་རྫོགས་པའི་བསྐལ་པ་བཟང་པོ།།
འཆར་དང་མི་འཆར་དེ་ལ་ཐེ་ཚོམ་མེད་ཀྱང་།།
དེ་སྔོན་སྣང་བའི་བདག་པོ་ཁྱེད་ཀྱི་དྲུང་ན།།
འདི་སྣང་སྲིད་པའི་ཆོས་ལ་མགོ་བོ་འཁོར་ཏེ།།
གཏན་བདེའི་གླིང་ཕྱོགས་འགྲིམ་པའི་ལམ་ཁ་བོར་བ།།
ང་དང་ང་འདྲའི་ལས་ངན་གྲངས་མེད་ཤིག་ལ།།
མི་འདོད་གློ་བུར་ལྷག་པའི་དུཿཁ་འདི་ཀོ།
བག་མེད་ལས་ཀྱི་ལ་ཡོགས་མ་བྱང་བར་དུ།།
ནམ་ཡང་བཟོད་ཐབས་མེད་པའི་ངང་ཚུལ་ཤེས་ཏེ།།
སྙིང་ནས་གནོང་འགྱོད་ཆེ་བའི་སྡུག་བསྔལ་ཀློང་ནས།།
སྙིགས་དུས་དུས་གསུམ་རྒྱལ་བའི་ཞལ་སྐྱིན་དམ་པ།།
རྗེ་བཙུན་ཁྱེད་སྐུ་དྲན་པའི་གདུང་བ་ལྕི་མོས།།
རྣམ་ཀུན་གསོལ་བ་འདེབས་སོ་དཔལ་ལྡན་བླ་མ།།
འདི་ཕྱི་བར་དོ་གསུམ་དུ་ལས་ངན་བདག་ལ།།
གཡེལ་མེད་ལམ་སྟོན་མཛད་པའི་ཐུགས་རྗེ་མ་ཆུང་།།
གཡེལ་མེད་ལམ་སྟོན་མཛད་པའི་ཐུགས་རྗེ་མ་ཆུང་།།
༸སྐྱབས་རྗེ་འཁོར་ལོའི་མགོན་པོ་ཞྭ་དེའུ་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་ཞིང་དུ་གཤེགས་པའི་སྣང་ཚུལ་ཞིག་གི་སྐྱོ་སྣང་ཁྲོད་ནས། སྤྱི་ལོ་ཟླ་ཚེས་ ༢༠༡༡-༠༩-༠༨ སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་ལ་གང་ཤར་དུ་བྲིས་པའོ།།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...