Thursday, September 22, 2011

རང་སྣང་སྐྱིད་པའི་ས་མཐའི་གྲྭ་གྲོགས་ཀྱི་སྡེ་ཞིག

༄༅། །བསླུ་མེད་རྒྱུ་འབྲས་བདེན་པའི་གནས་ལུགས་དོན།།
འཁྲུལ་མེད་གསལ་ལེར་གཟིགས་པའི་སྤྱན་ལྡན་དྲུང་།།
གཞི་མེད་དྲང་ཐིག་འདེབས་པའི་སྤོབས་པ་ཅན།།
ཁྲེལ་མེད་རྣམས་ལ་རྒྱབ་ཀྱིས་ཕྱོགས་ན་ཡང་།།
འབྱོར་ལྡན་མཇུག་ལ་རྒྱུགས་པའི་བང་རྩལ་དང་།།
འབྱོར་མེད་སྔོན་ལ་འགྱིངས་པའི་ཉམས་ཆེན་གྱིས།།
ཡོངས་སུ་ཕོངས་པའི་ངང་ཚུལ་མངོན་པ་འདི།།
སྙིང་རྗེའི་ཡུལ་དུ་གྱུར་པའང་ག་ལ་ཡིན།།

རྣམ་དག་ལྷག་བསམ་དག་པས་སྤྱི་སྒེར་ལ།།
ཕན་པའི་བྱ་གཞག་སྒྲུབ་པའི་འཁོས་ཀ་ཅན།།
ཀུན་གྱིས་མིག་ལྟོས་བྱེད་སའི་ཡུལ་མཆོག་ཏུ།།
གྱུར་པའི་ཚད་ལྡན་མི་སྣ་མ་ཡིན་ཡང་།།
སྤྱི་ཕན་བློ་ཡིས་ལྷོད་མེད་འབད་བརྩོན་ངང་།།
ཀུན་ཕན་སྲི་ཞུ་སྒྲུབ་པའི་གང་ཟག་གི།
ཕུན་ཚོགས་ལེགས་རྒུ་སེམས་ཀྱིས་མ་བཟོད་ནས།།
བར་དུ་གཅོད་པའི་བདུད་སྡེའང་ག་ལ་ཡིན།།

སྤྲེལ་ལད་གཡོ་སྒྱུ་ངོ་སྲུང་བཅོས་མའི་རིགས།།
ཡོད་ཚད་དགྲ་རུ་བཟུང་བའི་ལྟ་ཚུལ་འོག།
ཀུན་ལ་ཡིད་ཆེས་བྱེད་སྟངས་མ་ཤེས་པས།།
དོགས་པའི་གནས་སུ་རྒྱུ་བ་བདེན་ན་ཡང་།།
བློ་སེམས་མཐུན་པའི་གྲོགས་མཆོག་དྭངས་མ་དང་།།
ལྷག་བསམ་ཅན་གྱི་གཟུར་གནས་སྐྱེ་བོ་ལའང་།།
བཟང་ངན་གཅིག་ཏུ་འདོད་པའི་ལོག་ལྟའི་འོག།
ཡིད་ཆེས་བོར་པའི་སྡེ་པའང་ག་ལ་ཡིན།།

ལག་པ་གཅིག་གིས་ཐལ་མོ་འདེབས་པ་དང་།།
རྐང་པ་གཅིག་གིས་ཞབས་བྲོ་འཁྲབ་སྟངས་ཤིག།
ཡོང་ཐབས་མེད་ཅེས་འཇིག་རྟེན་རྒན་པོ་ཡི།།
ཞལ་རྒྱུན་དེ་ཀོ་ཤིན་ཏུ་མད་ན་ཡང་།།
སོར་བཅུ་གཏུགས་པའི་ཐལ་མོའི་འདེབས་ལུགས་དང་།།
རྐང་གཉིས་གཡུག་པའི་ཞབས་བྲོའི་ཁྲབ་ལུགས་འདི།།
འདུལ་བའི་གཞུང་ན་ཆེད་དུ་བཀག་འདུག་པས།།
བསམ་བཞིན་བྱེད་མཁན་དེ་འདྲའང་ག་ལ་ཡིན།།

གླིང་སྐོར་བྱེད་སའི་ལམ་མདོ་དེ་དག་ཏུ།།
ཕྱི་ནང་བར་གྱི་བཟང་ངན་གནས་ཚུལ་ཀུན།།
རང་སྣང་སྐྱིད་པའི་ངང་ནས་ཕན་ཚུན་བར།།
གླེང་འདྲེན་བྱེད་པའི་གཤིས་ཀ་ཆེ་ན་ཡང་།།
ཕྱོགས་དང་རིས་སུ་ཆད་པའི་བློ་ཡི་འོག།
དཀར་ནག་ཚོན་རྩིས་རང་གཞན་གཉིས་ཀྱི་བར།།
ཁྱད་པར་བཞག་ནས་ཕུ་དཀྲུགས་མདའ་དཀྲུགས་ཀྱིས།།
སྤྱི་ཚོགས་ཕུང་དུ་འཇུག་མཁན་ག་ལ་ཡིན།།

ཟ་ཉལ་འགྲོ་འདུག་སྤྱོད་ལམ་ཡོད་ཚད་ཀུན།།
དྲན་ཤེས་བག་ཡོད་ལྡན་པའི་ཀུན་སློང་འོག།
བཙན་གྱིས་བཅུར་བའི་ཚུལ་འཆོས་རྣམ་དག་ལ།།
གོམས་གཤིས་མེད་པའི་ནོར་འཁྲུལ་ཆེ་ན་ཡང་།།
ལས་འབྲས་རྒྱབ་ཏུ་སྐྱུར་བའི་སྙིང་སྟོབས་འོག།
ལོག་འཚོ་དཀར་པོར་སྒྲུབ་པའི་ཐབས་ཤེས་ཀྱིས།།
མཆོག་གསུམ་སྐྱབས་སུ་སྦྲན་པའི་གསོལ་འདེབས་ལྷན།།
དགེ་སྦྱོང་གྲལ་ལ་འགྲིམ་མཁན་ག་ལ་ཡིན།།

མཐོ་མཐའ་ལྷུང་བའི་གནས་ལ་ཡིད་ཆེས་ཀྱིས།།
དམའ་ས་བཟུང་བའི་ཉམ་ཆུང་སྡེ་པ་འདིའི།།
རེ་དོགས་གཉིས་མེད་འཚོ་བའི་བདེ་སྐྱིད་ལ།།
གུ་ཡངས་ལོངས་སུ་སྤྱོད་པ་དགའ་ན་ཡང་།།
ངོ་སྲུང་སྤྲེལ་ལད་དོར་བའི་རྣམ་སྨིན་གྱིས།།
མདུན་ནས་མདུན་དུ་སྐྱོད་པའི་རེ་བྲལ་འོག།
རྒྱབ་ནས་རྒྱབ་ཏུ་ནུར་བའི་ལྐུག་རྟགས་ལྷན།།
མི་ལུས་དོན་མེད་བྱེད་མཁན་ག་ལ་ཡིན།།

འཁོར་བའི་ཆོས་ལ་བཅོས་མིན་ངེས་འབྱུང་གིས།།
འདི་སྣང་ཕུན་ཚོགས་ཡོད་དགུ་བློས་བཏང་ནས།།
མི་མེད་ལུང་སྟོང་འགྲིམས་པའི་བྱ་བྲལ་བ།།
རྗེ་བཙུན་མི་ལའི་རྗེས་འབྲང་མིན་ན་ཡང་།།
ཐོབ་དང་གོ་ས་སྙན་གྲགས་ཡོད་ཚད་ལ།།
མིང་དོན་མཚུངས་པའི་ཤེས་འཇོན་མེད་བཞིན་དུ།།
སྲོག་ལ་བབ་ཀྱང་ལེན་ཐབས་བརྩོན་པ་ཡིས།།
ཚུལ་མིན་ཆོས་བརྒྱད་སྒྲུབ་མཁན་ག་ལ་ཡིན།།

ལུས་ངག་བཅོས་མའི་རྣམ་འགྱུར་ཁོ་ན་ཡིས།།
བདེན་པའི་གནས་ལུགས་འདྲེན་པའི་གཏན་ཚིགས་སུ།།
རང་གོ་ཆོད་པར་འཛིན་པའི་ལྟ་ཚུལ་ལ།།
གཅིག་ཏུ་རྒོལ་བའི་རང་གཤིས་བདེན་ན་ཡང་།།
ཚུལ་མིན་ཡ་མ་ཟུང་གི་སྤྱོད་ལམ་འོག།
སྤྱི་སྒེར་ཀུན་གྱི་རྐང་པ་འདྲེན་བཞིན་དུ།།
ཡོད་ཚད་བསམ་པའི་ཁྱད་ལ་རགས་ལས་ཞེས།།
གཙོ་སེམས་སྨྲ་བའི་སྡེ་པའང་ག་ལ་ཡིན།།

ཐུན་མོང་ཐུན་མིན་གཞུང་ལུགས་སྣ་ཚོགས་ལ།།
བགྲང་བྱ་རྣམ་དགུའི་ཐོས་བསམ་གྲུབ་པའི་རྗེས།།
རང་རྒྱུད་དུལ་བའི་གྲུབ་རྟགས་རྣལ་མ་ཞིག།
མངོན་རྒྱུ་མེད་པ་ཤིན་ཏུ་བདེན་ལགས་ཀྱང་།།
བཤེས་གཉེན་དམ་པས་གནང་བའི་སློབ་སྟོན་ཀུན།།
ཡོད་ཚད་གོ་ལོག་ཐེབས་པའི་རྐྱེན་དབང་གིས།།
སྦྱངས་ཚད་ལོག་འཚོ་སྒྲུབ་པའི་ཆ་རྐྱེན་དུ།།
སྤྱོད་པའི་དམ་ཉམས་དེ་འདྲའང་ག་ལ་ཡིན།།

རྣམ་བཞི་དགེ་སྦྱོང་ཆོས་ཀྱི་ཉམས་ལེན་ལ།།
རྣམ་ཀུན་གནས་པའི་འདུལ་འཛིན་མཁན་པོ་ཡི།།
རྣམ་དག་རྗེས་འབྲང་རང་བློ་ཚིམས་པའི་ངང་།།
རྣམ་གྲོལ་ལམ་ཞུགས་དེ་འདྲ་མ་ཡིན་ཡང་།།
བསྟོད་སྨད་བཟང་ངན་གཏམ་ལ་བདེན་འཛིན་གྱིས།།
དགའ་སྡུག་ཚོར་བ་སྐྱེན་པོས་ཟིན་པའི་འོག།
སྐྱིད་སྡུག་གཉིས་པོའི་བླང་དོར་བྱེད་པ་ལ།།
རྣམ་ཀུན་བརྩོན་པའི་བྱབ་ཆུང་ག་ལ་ཡིན།།

རྒྱལ་ཁ་མ་ལུས་གཞན་ལ་སྟེར་ནུས་ཤིང་།།
ཕམ་ཁ་ཇི་སྙེད་རང་གིས་ལེན་ནུས་པའི།།
བློ་འདས་སེམས་དཔའི་རྣམ་ཐར་གཙང་མ་ལ།།
སློབ་པའི་ཐེག་ཆེན་གྲས་སུ་མི་གཏོགས་ཀྱང་།།
སྐྱོན་ཆ་མཐའ་དག་གཞན་ལ་འགེལ་བ་དང་།།
ལེགས་ཆ་ཡོད་དགུ་རང་གི་འཇོན་ཐང་དུ།།
འདྲེན་པའི་གཤོག་ཟུང་བརྐྱངས་ནས་སྤྱི་ཚོགས་ཀྱི།།
ནམ་འཕང་གཅོད་མཁན་དེ་འདྲའང་ག་ལ་ཡིན།།

ཚུར་མཐོང་མ་དག་བློ་ཡིས་སྣང་བ་ཀུན།།
དག་པ་ལྷ་རུ་སྒྲུབ་པའི་ལྟ་བ་ཡིས།།
འཁྲུལ་སྣང་བཙན་ཐབས་གཅོད་པའི་ཉེ་ལམ་ནས།།
སྣང་སྲིད་དག་པར་སྦྱོང་ཚུལ་མ་ཤེས་ཀྱང་།།
ཚུལ་ལྡན་མཆོད་པར་འོས་པའི་སྐྱེས་བུ་ལ།།
ཤེས་བཞིན་ལོག་པར་ལྟ་བའི་ཉེས་དམིགས་ཀྱིས།།
བསམ་བཞིན་ངན་སོང་གསུམ་གྱི་གཡང་ས་རུ།།
མཆོང་རྒྱུག་བྱེད་པའི་སྡིག་ཅན་ག་ལ་ཡིན།།

དཔལ་ལྡན་བླ་མས་གནང་བའི་མན་ངག་ལ།།
ཉམས་ལེན་གནད་དུ་ཕྱིན་པར་མ་ནུས་པས།།
འཆི་ཁ་རང་མགོ་ཐོན་པའི་གང་ཟག་གི།
གྲལ་ནས་འབུད་པའི་གནས་ཚུལ་བདེན་ན་ཡང་།།
ཐོབ་དང་གོ་སའི་བདག་རྐྱེན་འཚོལ་སྒྲུབ་ཆེད།།
ཟབ་རྒྱས་གདམས་ངག་ཡོད་དགུ་ཞུས་པའི་མཐར།།
དབང་ལུང་ཆོས་འཚོང་བྱས་པའི་ནག་ཉེས་འོག།
དམྱལ་བའི་ཁྲིམས་ར་འགྲིམ་མཁན་ག་ལ་ཡིན།།

འདུལ་བའི་དགག་སྒྲུབ་བསླབ་བྱ་མ་ལུས་པ།།
ཞིབ་ཕྲའི་ལམ་ནས་གཅེས་པའི་མིག་བཞིན་དུ།།
སྲུང་བའི་ཚུལ་ལྡན་བཙུན་པ་རྣམ་དག་ཅིག།
ཡོང་བའི་ནུས་སྟོབས་རྒྱུད་ལ་མ་ཚང་ཡང་།།
སྡོམ་རོ་རུལ་བའི་ཚུལ་འཆལ་དྲི་ངན་གྱིས།།
སྦགས་པའི་རང་ཚུགས་དགེ་སྦྱོང་ན་བཟའི་ནང།།
བཅབས་ནས་རང་ཉིད་གཙང་མར་རློམ་པ་ཡི།།
བསྟན་པའི་ནང་གཤེད་དེ་འདྲའང་ག་ལ་ཡིན།།

མདོར་ན་ཚེ་འདིར་ཡོད་ཚད་དྲང་བདེན་དང་།།
ཡང་དག་འཚོ་བའི་བརྒྱུད་རིམ་ཁོ་ན་ཞེས།།
འཁྲུལ་མེད་དཀར་རྐྱང་ཅན་གྱི་དུང་མདོག་ཅིག།
ངོམ་རྒྱུ་མེད་པ་ཤིན་ཏུ་བདེན་ན་ཡང་།།
ཉེས་པའི་མེ་ལྕེ་ཁོག་ཏུ་འབར་དྲགས་པས།།
རང་རྒྱུད་ཚིག་པའི་དུད་དྲེག་མངོན་བཞིན་དུ།།
གནོང་འགྱོད་བྲལ་བའི་ཁྲེལ་མེད་རང་བཞིན་གྱིས།།
དཀར་མདོག་བཙན་གྱིས་ངོམ་མཁན་ག་ལ་ཡིན།།

ཕ་མ་གཅིག་གི་བུ་ཕྲུག་མ་ལགས་ཤིང་།།
ལུང་ཚན་གཅིག་གི་ཁྱིམ་མཚེས་མ་ཡིན་པས།།
རྒྱུས་མེད་ཁག་ཅིག་མི་ཡུལ་ས་མཐའ་ནས།།
མ་བགྲོས་ལྷན་འཛོམས་ཡིན་པ་བདེན་ན་ཡང་།།
ཚེ་སྟོད་ཆོས་ར་འགྲིམས་སའི་གླིང་ག་ནས།།
ཐོས་བསམ་ལྷན་དུ་བྱས་པའི་བརྒྱུད་རིམ་ཁྲོད།།
སྐྱིད་སྡུག་མཉམ་དུ་འཁུར་བའི་ལོ་རྒྱུས་ཀུན།།
བསམ་བཞིན་རྗེད་དུ་འཇུག་མཁན་ག་ལ་ཡིན།།

འདི་ཕྱིའི་སྐྱབས་མགོན་ཆུ་བུར་མིག་ལམ་ནས།།
བསྐལ་པའི་དུས་ངན་འདི་འདྲའི་ཀློང་དཀྱིལ་ན།།
བླང་དོར་མིག་ཟུང་ལོང་བའི་སྤྱི་ཚོགས་ཁྲོད།།
ལྷག་འདི་བསོད་བདེ་ཟད་རྟགས་ཡིན་ན་ཡང་།།
སྔོན་བསགས་དགེ་འབྲས་རྣམ་དཀར་བསོད་ནམས་དཔལ།།
ཚེ་འདིར་མངོན་དུ་གྱུར་པའི་གོ་སྐལ་ལ།།
གྲུབ་དབང་བླ་མའི་གདུལ་བྱར་གྱུར་པ་འདི།།
བསམས་ཤིང་བསམས་ན་ལས་ངན་ག་ལ་ཡིན།།

འཚོ་བའི་ཡུན་ལ་འབྲལ་མེད་ལྷན་ཅིག་ཏུ།།
གནས་པའི་གོ་སྐབས་རང་གཞན་སུ་ལ་ཡང་།།
མེད་པ་དེ་ཀོ་འདུས་མཐའ་འབྲལ་དགོས་པའི།།
ཟློག་མེད་ཆོས་ཉིད་ཡིན་པ་བདེན་ན་ཡང་།།
མཚུངས་མེད་དྲིན་ཅན་བླ་མས་དབུ་འཛིན་ཏེ།།
དཀྱིལ་འཁོར་གཅིག་ཏུ་འཚོགས་པའི་གྲལ་མཐའ་ནས།།
བྱང་ཆུབ་བར་དུ་འབྲལ་མེད་ལྷན་འཛོམས་ཀྱི།།
སྨོན་ལམ་བཏབ་ཚད་དོན་མེད་ག་ལ་ཡིན།།

ངེས་མེད་ཚེ་འདི་ངེས་མེད་མི་ཡུལ་དུ།།
ངེས་མེད་དུས་སུ་ངེས་མེད་གྲོགས་དང་ལྷན།།
ངེས་མེད་གནས་སུ་ངེས་མེད་འགྲིམས་འགྲིམས་ནས།།
ངེས་མེད་ངང་ནས་རྫོགས་རྒྱུ་བདེན་ན་ཡང་།།
དགོས་མེད་བྱ་བའི་ཀློང་ནས་བྲེལ་ཚུབ་ངང་།།
འགྲུབ་མེད་འཆར་གཞི་སྣ་ཚོགས་གླེངས་གླེངས་ནས།།
ཟིན་མེད་རྙོག་གྲས་བློ་ཁ་མི་བདེ་བཞིན།།
དོན་མེད་ངང་ནས་རྫོགས་རྒྱུའང་ག་ལ་ཡིན།།

སྙན་ངག་མཁན་པོའི་སྒྱུ་རྩལ་རྫོགས་པ་ཡི།།
སྙན་པའི་རྗོད་བྱེད་ཡོད་དགུ་རྩལ་བཏོན་གྱིས།།
དོན་མཐུན་བློ་ལ་བབ་པའི་བརྗོད་བྱ་ཀུན།།
གཅིག་ཏུ་བསྡོམས་ནས་བྲིས་པ་མ་ལགས་ཀྱང།།
རང་དང་བློ་མཐུན་གྲོགས་ཀྱི་ཡང་རྩེ་ལ།།
དྲན་པའི་སྐྱེས་སུ་བཞག་པའི་ཚིགས་བཅད་འདི།།
ནམ་ཞིག་ཁེར་རྐྱང་ལུས་པའི་ཚོར་སྣང་ཁྲོད།།
དབྱངས་སུ་གྱེར་ན་མི་རུང་ག་ལ་ཡིན།།  
སྤྱི་ལོ་ཟླ་ཚེས་ ༢༠༡༡-༠༩-༢༢ ཉིན།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...